ཁུ་ཁྲག་གི་སྐྱོན་བཤད་པ།

   ཁུ་ཁྲག་གཉིས་ཡོང་ས་ནི་ཕ་མ་གཉིས་ཀྱི་ལུས་ཡིན་པས་ན། ཕ་མ་གཉིས་ཀྱི་ལུས་ལ་ཉེས་པའི་སྐྱོན་ནམ་ནད་ཡོད་ན་དེ་ལས་བྱུང་བའི་ཁུ་ཁྲག་དེ་ལ་ཡང་སྐྱོན་དེ་དག་ཡོད་པ་རེད།  དེའི་ཕྱིར་ན་ཁུ་ཁྲག་ལ་རླུང་མཁྲིས་བད་ཀན་གསུམ་རྐྱང་པ་ལྡན་འདུས་དང་། དེ་བཞིན་དུ་ཁྲག་གི་ནད་བཅས་ཀྱི་སྐྱོན་ཡོད་པ་ལ་རྟགས་ཀྱང་དེ་དག་དང་ཕྱོགས་མཐུན་པར་ཡོད་པ་ཡིན་ཏེ།

   ཡན་ལག་བརྒྱད་པའི་རང་འགྲེལ་ལས།  ཕ་མའི་ཁུ་ཁྲག་གཉིས་རླུང་ལ་སོགས་པའི་སྐྱོན་གྱིས་འདྲེས་ན་ནི་ས་བོན་གྱི་ནུས་པ་ཞན་པར་འགྱུར་རོ། །དེ་ཡང་མྱགས་པ་དང་། མདུད་པ་ཅན་དང་། རྣག་ལྟ་བུ་དང་། ཟད་བྱེད་དང་། དྲི་མ་ཅན་དང་ལྔའོ། །ལྔ་པོ་དེ་དག་ཀྱང་རླུང་ལ་སོགས་པའི་རང་རང་གི་རྟགས་དང་མཐུན་པར་འབྱུང་སྟེ། ཞེས་སོགས་གསུངས་ཡོད།

     དེང་སང་ཆེ་ཤེལ་སོགས་སྤྱད་ནས་ཁུ་ཁྲག་ལ་ཆ་ཤས་དང་འབོར་ཚད་སོགས་ཏག་ཏག་འགྲིག་མིན་བརྟག་པ་རེད།  དཔེར་ན་འབུ་རྣམས་ལ་མགོ་མཇུག་སོགས་ཚང་དགོས་པའི་ཆ་ཤས་དང་འབུའི་གྲངས་མང་ཉུང་གི་ཚད། དེ་བཞིན་དུ་ཁྲག་ལ་ཡང་ཚང་དགོས་པའི་ཆ་རྐྱེན་འགའ་ཡོད་པ་ཚང་མིན་ལྟ་བ་ཡིན་ལ།

  གནའ་སྔ་མོའི་སྲོལ་རྒྱུན་རིག་གནས་ལ་ཡང་ཡོངས་གྲགས་སུ་ཉེས་གསུམ་གྱི་སྐྱོན་ཡོད་མེད་བརྟགས་ཐབས་ཤིག་ཡོད་པ་ཡིན་ཏེ། དེ་ཡང་བཤད་པའི་རྒྱུད་ལས། ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ།། མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མནམ།། བད་ཀན་སྐ་འབྱར་རོ་མངར་བསིལ་བ་སྟེ།། ཁྲག་གི་རུལ་ཞིང་བད་རླུང་དུམ་བུར་ཆད།། ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན།། རླུང་མཁྲིས་སྐམ་ཞིང་འདུས་པ་བཤང་གཅི་འདྲ།། འདི་དག་སྐྱོན་རེས་ས་བོན་བྱེད་མི་ནུས།། ཞེས་པ་བཞིན་ཁུ་ཁྲག་ལ་ཉེས་པ་གསུམ་གྱི་སྐྱོན་དང་ལྡན་ཚེ་རྟགས་འདི་དང་འདི་འདྲ་འབྱུང་ཚུལ་གསལ་བོར་བཤད་ཡོད་པ་འདི་ཀ་ཡིན་ལ།

  དེ་ཡང་རླུང་སྐྱོན་གྱིས་རྩུབ་པ་ཟེར་དུས་ཁུ་ཁྲག་ལུས་ལ་རེག་ན་རྩུབ་ཧྲུག་ཧྲུག་བྱེད་པ་ཞིག་ལ་གོ་རྒྱུ་མིན་པར།  དེ་ལས། ལག་པ་སོགས་སུ་འགོས་ནས་སྐམ་འགྲོ་བའི་དུས་སུ་ཅུང་བསྡམ་པའི་ཚོར་བ་སྟེར་མཁན་ཞིག་ལ་ཟེར་བ་ཡིན་ཏེ།་སྣུམ་དང་ལྡན་པ་ཞིག་ཡིན་ན་སྐམ་པའི་རྗེས་སུ་འཇམ་པའི་ཚོར་བ་འདྲ་ཞིག་ཡོང་གི་རེད་དེ་འདི་ལ་དེ་མེད་པ་ཡིན།

   ཡང་བད་ཀན་གྱི་སྐྱོན་བསིལ་བ་ཟེར་ན་ཁུ་ཁྲག་གང་ཡིན་ཡང་ལུས་ལས་བྱུང་མ་ཐག་ལག་པ་སོགས་སུ་ཐིགས་པ་ན་གྲང་ཐང་ངེར་འགྲོ་བ་ཞིག་ལ་ཟེར་བ་དང་། 

  ཁྲག་གི་སྐྱོན་གྱིས་རུལ་ཞེས་པ་ནི་དངས་སྙིགས་ཕྱེས་ཡོད་པ་ཞིག་གོ ། དེ་ནས་བད་རླུང་གི་སྐྱོན་ཀྱིས་དུམ་བུར་ཆད་པ་ཞེས་པ་ནི་འདབ་མ་འབྱར་བ་ཞིག་དང་།  ཁྲག་དང་མཁྲིས་པའི་སྐྱོན་རྣག་འདྲ་ཞེས་པ་ནི། རུལ་ནས་དངས་སྙིགས་སོ་སོར་ཕྱེས་ཡོད་པ་གང་ཞིག་དྲི་མ་བཙོག་པ་མནམ་པ་ཞིག་ཡིན། 

  དེ་བཞིན་དུ་བད་མཁྲིས་ཀྱི་སྐྱོན་ནི་མདུད་པ་འདྲ་བ་སྟེ་ཁ་བྲལ་རྒྱུ་མེད་པ་གོང་གི་དུམ་བུར་ཆད་པ་ཞེས་པའི་ལྡོག་ཕྱོགས་ཤིག་དང་།  རླུང་མཁྲིས་ཀྱི་སྐྱོན་སྐམ་ཞེས་པ་འདི་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། དང་པོས་ནི་ལུས་ཀྱི་ནང་ནས་ཁུ་ཁྲག་སྐམ་སྟེ་འབབ་རྒྱུ་མེད་པ་ཞིག་ལ་སྐམས་ཞེས་དང་།  གཞན་ནི་ཁུ་ཁྲག་འབབ་ན་ཡང་དེ་ལ་བཞའ་ཚན་མེད་པས་བརླན་གཤེར་ཤུགས་ཆུང་བ་ཅན་ཞིག་ཡིན་ཟེར་རོ།།

  དེ་བཞིན་དུ་འདུས་པའི་ནད་ཀྱི་སྐྱོན་ནི་བཤང་གཅིག་འདྲ་བ་སྟེ་གོང་གི་རྟགས་ཆ་ཚང་ཡོད་པ་ཞིག་ཡིན་ལ་། རྟགས་དེ་དག་དང་ལྡན་པའི་ཁུ་ཁྲག་གིས་ནི་མངལ་ཆགས་པར་མི་འགྱུར་རོ།།


No comments:

Post a Comment