འདེགས་ཚད་བཤད་པ།
འདེགས་བྱེད་ཀྱི་ཚད་བཤད་པ་དེ་ལ་ཡང་ནང་གསེས་སུ་དབྱེ་ན་དེང་དུས་རྒྱལ་སྤྱིའི་ངོས་ནས་གཏན་འབེབས་གནང་བའི་འདེགས་བྱེད་ཀྱི་ཚད་གཞི་བཤད་པ་དང་། བོད་ལུགས་ཏེ་ས་བཅད་གཉིས་ཀྱི་སྒོ་ནས་བཤད་ན།
དང་པོ།
གོང་དུ་རིང་ཐུང་སོགས་ཀྱི་ཚད་གཞལ་བྱེད་བཤད་པའི་སྐབས་སྨྲོས་པ་བཞིན་འདེགས་ཚད་ལ་ཡང་་རྒྱལ་སྥྱིའི་གཅིག་གྱུར་གྱི་ཚད་གཞི་བཟོས་ཡོད་པ་ནི་Kilogram
དང་དེའི་མཚོན་རྟགས་སུ་k འབྲི་བ་རེད།
ལྡི་ལི་གསར་བར་ཡོད་པའི་རྒྱལ་ཡོངས་དངོས་གཟུགས་བརྟག་དཔྱད་ཁང་NPL དེར་རྒྱ་གར་རྒྱལ་ཡོངས་སུ་རྒྱལ་སྤྱིའི་གཅིག་གྱུར་འདེགས་ཚད་Kilogram ཀྱི་ཚད་གཞི་གཅིག་་དཔེ་རུ་ཉར་ཚག་བྱས་ཡོད་པ་དང་།
ཁྲོམ་ལ་བེད་སྤྱོད་གཏོང་གིན་པའི་Kilogram ནི་ཚད་གཞི་དེ་ཡི་འདྲ་བཤུལ་ཡིན་ཚུལ་སོགས་རྒྱ་གར་དབུས་གཞུང་གིས་གཏན་ཕེབས་གནང་བའི་འཛིན་གྲྭ་དྲུག་པའི་ཚན་རིག་འཕྲུལ་དེབ་ནང་འཁོད་པ་དེའོ།
གཉིས་པ།
བོད་ལུགས་ཀྱི་འདེགས་ཚད་ནི་རྒྱལ་བའི་བླ་སྨན་པ་མཁྱེན་རབ་ནོར་བུ་མཆོག་གིས་ཁ་གསལ་བོར་གསུང་ཡོད་ཏེ། ཁོང་གི་སྨན་ཡིག་ལས། འདེག་ཚད་གཤོར་ཚད་གཉིས་ལས་དང་པོ་ནི།
། ས་གཤིས་བཟང་ངན་སྙོམ་པའི་ནས་ཀྱི་འབྲུ། ། ཆེ་བ་གསུམ་ལ་ར་ཏི་ཞེས་སུ་གྲགས།
ར་ཏི་གཉིས་ལ་སེ་བ་གང་ཡིན་ཞིང་། ། སེ་བ་དེ་ལ་སྐར་གང་སྐར་མ་བཅུ།
། ཞོ་གང་ཞོ་བཅུ་སྲང་གང་སྤོར་ཀྱང་ཟེར། ། སྲང་གང་ཉག་བཞི་ཉག་བཞིར་སྲང་བཅུ་དྲུག
། ཐུར་མའི་རྒྱ་མ་གང་ཡིན་རྒྱ་ཆེ་དོར། ། བཤེར་གང་ཐུར་སྲང་ཉེར་བཞི་བྱེར་བཞི་བཅུ། ། མོན་དོ་གཅིག་ཡིན་ཞེས་གསུངས་ཡོད་པ་དེའོ།
དེང་གི་དུས་སུ་བོད་ནང་ལ་ཚད་འཇལ་བྱེད་ཅིག་དར་བཞིན་པ་དེར་རྒྱ་མ་ཞེས་འབོད་ཀྱིན་འདུག་ལ།
རྒྱ་མ་གང་དུམ་བུར་བཅུར་བགོས་ན་སྲང་གང་ངམ་ཁེ་ལྔ་བཅུ། སྲང་གང་དུམ་བུ་བཅུར་བགོས་ཚེ་ཞོ་གང་ངམ་ཁེ་ལྔ།
ཞོ་གང་དུམ་བུ་བཅུར་བགོས་པའི་ཆ་གཅིག་ལ་སྐར་གང་ངམ་ཁེ་ཕྱེད་ཀ་བཅས་སུ་བརྩི་སྲོལ་འདུག་ལ།
དོན་དུ་ཁེ་(Kilogram) ལྔ་བརྒྱ་ལ་རྒྱ་མ་གང་ཡིན་པ་རེད།
ངས་གསལ་བོར་དྲན་སོས་མ་སོང་ན་ཡང་།
སྔོན་མ་ང་ཚོ་ནོར་གླིང་མཐོ་སློབ་ན་ཡོད་དུས་རྒན་སྤྲེལ་ནག་པས་ཆོས་འབྱུང་མཁས་པའི་དགའ་སྟོན་ལུང་དུ་དྲངས་ནས།
བོད་ནང་ལ་འཇལ་གཤོར་འདེགས་གསུམ་གྱི་སྲོལ་དེ་དང་ཐོག་མཛངས་མྱི་མི་བདུན་གྱི་སྐབས་སུ་དར་བ་དང་།
དེ་ནས་རྗེས་སུ་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་གསེར་དངུལ་སོགས་འདེགས་བྱེད་ཀྱི་རྒྱ་མ་དང་།
གྲོ་ནས་སྲན་གསུམ་སོགས་འབྲུ་རྣམས་བྲེ་ལ་གཤོལ་བའི་ཚད་རྣམས་རྒྱ་གར་གྱི་ཡུལ་དབུས་དང་མཐུན་པར་བྱེད་དགོས་པའི་བཀས་བཅད་ཡོད་ཚུལ་ཡང་གསུངས་སོང་སྙམ།
དེ་ལྟར་འཇལ་གཤོལ་འདེགས་གསུམ་གྱི་སྐོར་ལ་ངལ་བ་ཅུང་ཙམ་བགྱིས་པ་འདི་ཡང་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རྒྱས་པའི་རྒྱུར་བསྔོས་པའོ།
།
No comments:
Post a Comment