རིང་ཐུང་འཇལ་བྱེད་ཀྱི་ཚད།
འཇལ་བྱེད་ཀྱི་ཚད་བཤད་པ་དེ་ལ་ཡང་ནང་གསེས་སུ་དབྱེ་ན་དེང་དུས་རྒྱལ་སྤྱིའི་ངོས་ནས་གཏན་འབེབས་གནང་བའི་འཇལ་བྱེད་ཀྱི་ཚད་གཞི་བཤད་པ་དང་། གནའ་བོའི་རྒྱ་གར་ཡུལ་དུ་དར་བའི་འཇལ་བྱེད་ཀྱི་ཚད་གཞི་དང་།
བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ཚད་འཇལ་བྱེད་དེ་ས་བཅད་གསུམ་མོ།
དང་པོ།
འཛམ་གླིང་ཤར་ནུབ་་ཐམས་ཅད་ཀྱི་བར་འབྲེལ་འདྲེས་དམ་ཟབ་བྱུང་འབྱུང་བཞིན་པའི་དུས་འདིར།
སྲིད་དོན་དང་ཚོང་དོན། ཐ་ན་དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ནས་གོ་ལ་གཅིག་གྱུར་དུ་འགྲོ་བའི་དུས་འདིར།
ཚད་འཇལ་སྟངས་ལ་གཅིག་གྱུར་གྱི་ཐིག་ཚད་གཞི་འཛིན་ས་ཞིག་མེད་ན་མི་རུང་བས་ན། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཚན་རིག་པ་ཚོས་མཉམ་ལས་ཀྱིས་ཅ་དངོས་སོགས་ཀྱི་རིང་ཐུང་འཇལ་བྱེད་ལ་གཞི་འཛིན་སའི་ཚད་གཞི་ཞིག་གཏན་འབེབས་གནང་ཡོད་པ་ནི།
metre ཡིན་ལ་འདིའི་མཚོན་རྟགས་སུ་ m འབྲི་བ་ཡིན།
དེ་མཚུངས་སུ་དུས་ཚོད་ཀྱི་རིང་ཐུང་འཇལ་བྱེད་ཀྱི་གཞི་འཛིན་སའི་ཚད་གཞི་ནི་ second ཡིན་པ་དང་དེའི་མཚོན་རྟགས་སུ་
s འབྲི་རྒྱུ་གཏན་འབེབས་གནང་ཡོད་པ་རེད།
རྒྱལ་སྤྱིའི་རིང་ཐུང་གི་ཚད་འཇལ་བྱེད་ཀྱི་ཚད་གཞི་དེ་ལ་རྒྱ་གར་གཞུང་ནས་ཀྱང་དང་ལེན་བྱས་པ་མ་ཟད།
ལྡི་ལི་གསར་བར་རྒྱལ་སྤྱིའི་གཅིག་གྱུར་ཚད་གཞི་ལག་བསྟར་བྱེད་ཕྱོགས་ལ་འགན་བཞེས་མཁན་གྱི་ལས་ཁུངས་ NPL རྒྱལ་ཡོངས་དངོས་གཟུགས་བརྟག་དཔྱད་ཁང་ཞེས་པ་ཞིག་བཙུགས་ཡོད་པ་དང་།
ལས་ཁུངས་དེར་metre གྱི་ཚད་གཞི་གཅིག་ཉར་ཡོད་ཅིང་། ང་ཚོས་མཐོང་བཞིན་པའི་ཁྲོམ་སྲང་ལ་བེད་སྤྱོད་གཏོང་གིན་པའི་metre
ནི་དེ་ཡི་འདྲ་བཤུས་ཡིན་པ་སོགས་འཛིན་གྲྭ་དྲུག་པའི་སློབ་དེབ་ལས་བཤད་ཡོད[1]།
ད་དུང་། དུས་ཀྱི་གཅིག་གྱུར་ཚད་གཞི་ཡི་ཡང་ལྡི་ལིར་ཡོད་པའི་རྒྱལ་ཡོངས་དངོས་གཟུགས་བརྟགས་དཔྱད་ཁང་དུ་ཉར་ཚགས་བྱས་ཡོད་ཅིང་།
རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ནས་གསར་འགྱུར་མ་བཤད་གོང་དུ་མཚམས་རེར་ཏིང་ཏིང་ཞེས་པའི་སྒྲ་ཞིག་གཏོང་གི་ཡོད་་པ་དེ་རྒྱལ་ཡོངས་དངོས་གཟུགས་བརྟག་དཔྱད་ཁང་ལྡི་ལུར་ཡོད་པ་དེ་ནས་དུས་ཀྱི་སྒྲ་རྟགས་སུ་མཁོ་འདོན་བྱེད་ཀྱིན་པ་དེ་ཡིན་པས།
དུས་ནས་དུས་སུ་ང་ཚོས་རང་གི་ལག་མགོའི་དུས་ཚོད་ཀྱི་ཏིང་སྒྲ་དེ་དང་མཐུན་པར་བསྒྲིགས་དགོས་ཚུལ་སོགས་[2]རྒྱ་གར་གྱི་འཛིན་གྲྭ་དྲུག་པའི་ཚན་རིག་དང་འཕྲུལ་རིག་སླེབ་དེབ་ལས་བཤད་ཡོད་པ་དེ་རེད།
གཉིས་པ།
ཆོས་མངོན་པ་་སོགས་ནས་བཤད་པའི་རྒྱ་གར་གྱི་གནའ་བོའི་རིང་ཐུང་གི་ཚད་འཇལ་བའི་རྩ་བའི་གཞི་འཛིན་ས་
ཡི་ཆེས་ཆུང་བའི་མ་མཐའ་ནི་རྡུལ་ཕྲ་རབ་ནས་བརྩི་བ་ཡིན་ལ། དེ་བདུན་ལ་རྡུལ་ཕྲན་གཅིག་དང་།
དེ་བདུན་ལ་ལྕགས་རྡུལ་གཅིག དེ་བདུན་ལ་ཆུ་རྡུལ་གཅིག དེ་བདུན་ལ་རི་བོང་གི་རྡུལ་གཅིག དེ་བདུན་ལ་ལུག་རྡུལ་གཅིག་
དེ་བདུན་ལ་གླང་རྡུལ་གཅིག དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག དེ་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ཤིག་གཙིག་ ཤིག་བདུན་ལ་ནས་འབྲུ་གཅིག ནས་འབྲི་བདུན་ལ་སོར་གང་། སོར་ཉེར་བཞི་ལ་ཁྲུ་གང་།
ཁྲུ་བཞི་ལ་འདོམ་གང་། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་བཅས་་ཡིན་ཏེ།
ཆོས་མངོན་པའི་མཛོད་གནས་གསུམ་པ་ལས[3]། རྡུལ་ཕྲན་དང་ནི་དེ་བཞིན་དུ།
། ལྩགས་ཆུ་རི་བོང་ལུག་དང་གླང་། ། ཉི་ཟེར་རྡུལ་དང་སྲོ་མ་དང་། ། དེ་ལས་འབྱུང་བ་དེ་བཞིན་དུ།
། སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། ། སོར་ནི་ཉི་ཤུ་བཞི་ལ་ཁྲུ། ། ཁྲུ་བཞི་ལ་ནི་གཞུ་གང་ངོ།
། དེ་དག་ལྔ་བརྒྱ་རྣམས་ལ་ནི། ། རྒྱང་གྲགས་དེ་ལ་དགོན་པར་འདོད། ། དེ་བརྒྱད་དཔག་ཚད་ཅེས་བྱའོ། ། ཞེས་གསུངས་ཡོད་པ་དེའོ།
།
དེ་ལྟ་བུའི་རྡུལ་སོགས་ཀྱི་མིང་རྒྱ་བོད་ཤན་སྦྱར་དུ་བཀོད་ན།
|
པརམཱཎཿ། |
ཨཎུཿ། |
ལོཧརཛཿ། |
ཨཔྲཛཿ། |
ཤཤརཛཿ། |
ཨབིརཛཿ། |
|
རྡུལ་ཕྲ་རབ། |
རྡུལ་ཕྲ་མོ། |
ལྕགས་རྡུལ། |
ཆུ་རྡུལ། |
རི་བོང་གི་རྡུལ། |
ལུག་རྡུལ། |
|
གོརཛཿ། |
བཱཏཱཡནཙྪིདྲརཛཿ |
ལིཀྵཱ |
ཡཱུ་ཀཿ། |
ཡབཿ། |
ཨངྒུལེཔརྦཿ། |
|
གླང་རྡུལ། |
ཉི་ཟེར་གྱི་རྡུལ། |
སྲོ་མ། |
ཤིག |
ནས། |
སོེར། |
|
ཧསྟཿ། |
ངྷནུཿ |
ཀྲོཤཿ། |
ཡོཛནཾ། |
|
|
|
ཁྲུ་གང་། |
འདོམ། |
རྒྱང་གྲགས། |
དཔག་ཚད། |
|
|
དེ་མཚུངས་སུ་ དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་ཡིན་ལ།
དེ་བརྒྱ་དང་ཉི་ཤུ་ལ་དེ་ཡི་སྐད་ཅིག་མ་གཅིག་དང་། དེ ཡི་སྐད་ཅིག་མ་སུམ་ཅུ་ལ་ཐང་གཅིག་ དེ་སུམ་ཅུ་ལ་ཡུད་ཙམ་གཅིག དེ་སུམ་ཅུ་ལ་ཉིན་ཞགས་གཅིག
དེ་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩི་བ་ཡིན་འདུག་སྟེ། ཆོས་མངོན་པ་ལས།[4] སྐད་ཅིག་མ་བརྒྱ་ཉི་ཤུ་ལ།
། དེ་ཡི་སྐད་ཅིག་དེ་དག་ཀྱང་། ། དྲུག་ཅུ་ལ་ནི་ཐང་ཅིག་གོ
། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། ། གོང་ནས་གོང་དུ་སུམ་ཅུར་འགྱུར། ། ཞག་མི་ཐུབ་དང་བཅས་པ་ཡི།
། ཟླ་བ་བཅུ་གཉིས་ལ་ལོ་གཅིག ། ཅེས་སོགས་གསུངས་ཡོད།
གསུམ་པ།
བོད་ཀྱི་གསོ་བ་རིག་པ་ལས་བཤད་པའི་་ཚད་འཇལ་བྱེད་ཀྱི་རིམ་པ་རྣམས་ནི་གཙོ་བོ་ནད་པའི་ལུས་ཀྱི་་གནད་སོགས་འཚོལ་ཐབས་སུ་དམིགས་པ་ཡིན་པས།
ཚད་འཇལ་བྱེད་ཀྱི་གཞི་འཛིན་ས་དེ་ནད་པ་རང་གི་སོར་དང་ཚོན་སོགས་ཀྱིས་བྱེད་དགོས་པ་ཡིན་ཏེ།
མཛུབ་མོའི་་ཕྱེད་ལ་ཕུན་གང་དང་། ཕུན་གཉིས་ལ་སོར་མོ་གང་།
སོར་མོ་གཉིས་ལ་ཚོན་གང་། ཚོན་དོ་ལ་ཆག་གང་་སྟེ།
ཕུན་སོར་ཚོན་ཆག་རྣམས་རིམ་པའི་ཉིས་འགྱུར་དུ་བརྩི་བ་ཡིན་ཚུལ། འཇུ་མི་ཕམ་གྱིས།[5] ཕུན་དང་སོར་མོ་ཚོན་གསུམ་གོང་ནས་གོང་། ཉིས་ལྡབ་ཡིན་པར་རབ་ཏུ་ཤེས་པར་བྱ།
ཞེས་གསུངས་ཡོད།
ད་དུང་། སོར་ལྔ་ལ་མཁྱིད་གང་ཡིན་པ་ཡང་། འཇུ་མི་ཕམ་ཀྱི་སྨན་ཡིག་ལས།
[6]སོར་མོ་ལྔ་འམ་ཚོན་གཉིས་སོར་གཅིག་ལ།
། མཁྱིད་གང་ཞེས་གྲགས་ཁུ་ཚུར་བཅིང་བྱས་ནས། ། མཐེ་བོང་ནེའུ་ལེའི་རི་མོ་དབུས་རླུམ་པོ།
། མཛུབ་ཚིགས་ལ་སྦྱར་མི་མངོན་ཙམ་བྱས་པས། ། ཚད་དང་འདྲ་བ་ཉིད་དུ་རྣམ་པར་བཞག ། ཞེས་གསུངས།
ཡང་སོར་དྲུག་ལ་མཛུབ་གང་། མཛུབ་དོ་ལ་མཐོ་གང་། མཐོ་དོ་ལ་བསྐུམ་ཁྲུ་གང་སྟེ་མཛུབ་མཐོ་ཁྲུ་གསུམ་ཡང་རིམ་པའི་ཉིས་འགྱུར་ཡིན་པ་འཇུ་མི་ཕམ་གྱི་སྨན་ཡིག་དེ་ལས།
སོར་མོ་དྲུག་གམ་ཚོན་གསུམ་མཛུབ་གང་སྟེ། ། མཛུབ་མོའི་རྩེ་ནས་རྒྱབ་ཀྱི་ཚིགས་འབུར་གྱི།
། མཐའ་ཡི་བར་ཚད་དག་དང་མཉམ་པར་ཤེས། ། ཚོན་དྲུག་དག་གམ་སོར་མོ་བཅུ་གཉིས་ལ།
། མཐོ་གང་ཞེས་བྱ་མཐེབ་མཛུབ་ཤར་བརྐྱང་བའི། ། བར་ཚད་ཉིད་དུ་རྣམ་པར་བཞེད་པ་སྟེ། ། མཐོ་དེའི་དོ་ནི་གྲུ་མོའི་ཚིགས་མགོ་ནས།
། མཐེ་ཆུང་རྩ་བའི་ཚིགས་ཀྱི་བར་ཚད་དོ། ། དེ་ལ་ཁྲུ་གང་ཞེས་བྱ་བསྐུམ་ཁྲུ་ཡིན། ། ཞེས་སོགས་གསུང་ཡོད།
བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་དུས་ཚོད་ཀྱི་ཚད་གཞལ་བའི་གཞི་འཛིན་ས་ནི་ཆོས་མངོན་པ་མཛོད་ལ་ཁུངས་གཏུག་འདུག་སྟེ།
གཡུ་ཐོག་ཡོན་ཏན་མགོན་པོས་བཤད་རྒྱུད་ལེའུ་བཅུ་བཞི་པ་དུས་སུ་སྤྱོད་པ་བསྟན་པ་ལས།[7] སྐད་ཅིག་ལ་སོགས་ཐང་ཅིག་ཡིད་ཙམ་ལ།
། ཉིན་ཞག་ཟླ་བ་དུས་དང་ལོར་འགྱུར་ཏེ། ། ཞེས་པ་སོགས་ཆོས་མངོན་པ་མཛོད་ནས་གསུང་བ་བཞིན་ནོ།
དེ་ལྟར། རྩ་བའི་ཆ་ནས་དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་གིས་གཞིར་བྱས་ཏེ།
ཉི་མ་དང་ཟླ་བ་ལོར་གྱུར་བའི་ལོ་གཅིག་ལ་དུས་བཞི་དང་། དུས་དྲུག་དང་། ཟླ་བ་བཅུ་གཉིས་སོགས་སུ་དབྱེ་བའི་རིས་མིག་གམ་དུས་ཀྱི་བྱ་ར་ནི།
|
དུས་༤ |
དགུན། |
དཔྱིད། |
དབྱར། |
སྟོན། |
||||||||
|
༡༢ |
ར། |
འབྲིང་། |
ཐ། |
ར། |
འབྲིང་། |
ཐ། |
ར། |
འབྲིང་། |
ཐ། |
ར་ |
འབྲིང་། |
ཐ། |
|
༦ |
དགུན་སྟོད། |
དགུན་སྨད། |
དཔྱིད། |
སོས་ཀ |
དབྱར། |
སྟོན། |
||||||
|
བོད་ཟླ། |
༡ |
༢༌ |
༣ |
༤ |
༥ |
༦ |
༧ |
༨ |
༩ |
༡༠ |
༡༡ |
༡༢ |
|
ལོ་རྟགས། |
ཕག |
བྱི་བ། |
གླིང་། |
སྟག |
ཡོས། |
འབྲུག |
སྦྲུལ། |
རྟ། |
ལུག |
སྤྲེལ། |
བྱ། |
ཁྱི། |
|
སྐར་མ། |
སྨུན་དྲུག |
མགོ། |
རྒྱལ། |
རྟ་པ། |
དབོ། |
ནག་པ། |
ས་ག |
སྣོན། |
ཆུ་སྟོད། |
གྲོ་བཞིན། |
ཁྲུམས་སྨད། |
དབྱུག |
[1] རྒྱ་གར་དབུས་གཞུང་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT) ནས་་འགྲེམས་སྤེལ་བྱས་པའི་འཛིན་གྲྭ་དྲུག་པའི་ཚན་རིག་དང་འཕྲུལ་རིག་སློབ་དེབ།
[2] རྒྱ་གར་དབུས་གཞུང་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT) ནས་་འགྲེམས་སྤེལ་བྱས་པའི་འཛིན་གྲྭ་དྲུག་པའི་ཚན་རིག་དང་འཕྲུལ་རིག་སློབ་དེབ།
[3]
སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ།
གནས་གསུམ་པ་འཇིག་རྟེན་བསྟན་པ། ཀརྨ་པ་དབང་ཕྱུག་རྡོ་རྗེའི་མཛོད་འགྲེལ་གཞོན་ནུ་རྣམ་རོལ་ཀྱི་ས་བཅད་དང་སྦྱར་བ། སྟོད་ཆ། ཝཱཎ་བཛྲ་བིདྱ་དཔེ་མཛོད་ཁང་། P357
[4] སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ།
གནས་གསུམ་པ་འཇིག་རྟེན་བསྟན་པ། ཀརྨ་པ་དབང་ཕྱུག་རྡོ་རྗེའི་མཛོད་འགྲེལ་གཞོན་ནུ་རྣམ་རོལ་ཀྱི་ས་བཅད་དང་སྦྱར་བ། སྟོད་ཆ། ཝཱཎ་བཛྲ་བིདྱ་དཔེ་མཛོད་ཁང་། P358
[5] འཇུ་མི་ཕམ་སྨན་ཡིག་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
P319
[6] འཇུ་མི་ཕམ་སྨན་ཡིག་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
P320
[7] གསོ་རིག་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། དབུས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་ཕྱི་ལོ་ཉིས་སྟོང་དྲུག་གིས་ལོར་དཔར་དུ་བསྐྲུན་པ། P58
No comments:
Post a Comment