བར་དོའི་རྣམ་ཤེས།
བར་དོའི་རྣམ་ཤེས་ཟེར་དུས། ཚེ་སྔ་མ་ནས་འཕོས་ཏེ་ཕྱི་མའི་ལུས་རྟེན་ད་དུང་ཐོབ་མེད་པ་ཞིག་ལ་བྱ་བ་ཡིན་པ་རེད། མཚམས་འདིར་མི་ཞིག་འཆི་ནས་ཚེ་སྔ་མ་ནས་བར་དོ་དང་། བར་དོ་ནས་ཚེ་ཕྱི་མ་ལ་ཇི་ལྟར་འཕོ་བའི་ཚུལ་སོགས་བཤད་ན། དཔེར་ན་མི་ཞིག་ནད་ཀྱི་དབང་གིས་རིམ་པའི་འཆི་བ་ན། དོན་ལྔ་སྣོད་དྲུག་གིས་ལས་ཀ་བྱེད་མི་ནུས་པ་ཆགས་ནས་ག་ལེ་ག་ལེར། དབང་པོ་ལྔའི་བྱེད་ལས་འགགས་ཏེ་ཕྱིའི་དབུགས་ཆད་འགྲོ་དུས།
སྣང་བ་དཀར་ལམ་པ་ཞེས་ཚོར་བ་སྐྱ་ཐེང་ཐེང་ཞིག་དང་།
དེ་སྣང་བ་དེ་མར་ཉུང་དུ་འགྲོ་དུས། ཆད་པ་དམར་ལམ་པ་ཞེས་དམར་ཐེང་ཐེང་འདྲ་ཞིག དེ་ནས་ཉེར་ཐོབ་ནག་ལམ་པ་ཞེས། ནག་ཐེང་ཐེང་ཚོར་བ་ཅི་གང་མེད་པ་ཞིག་ཆགས་ཀྱི་ཡོད།
དེ་ལྟར་དྲན་མེད་དུ་སོང་དུས་ཤེས་པ་སྦད་དེ་མཚམས་ཆད་པ་རེད།
ད་ནི་དབང་པོའི་རྣམ་ཤེས་འགག་ཚར་བས་མེད་ལ། ཡིད་ཀྱི་རྣམ་ཤེས་ཀྱང་མེད། ཡོད་ཚད་ཐིམ་ཚར་བ་རེད། འོན་ཀྱང་སྐྱེ་བ་སྔོན་མ་དག་ལ་ལས་དགེ་སྡུག་ག་རེ་བསགས་ཡོད་ཀྱང་དེའི་རྣམ་སྨིན་མྱོང་མཁན་ཞིག་ཡོད་པར་གསུང་གི་ཡོད། །
མངོན་པ་མཛོད་ཀྱི་གནས་དང་པོའི་དབང་པོ་འགག་ཚུལ་བཤད་པའི་སྐབས་སུ། རིམ་གྱིས་འཆི་བ་དག་ལ་བཞི།། གསུངས་ཡོད་པ་བཞིན་སྐབས་དེར་ལུས་དང་། སྲོག་དང་།
ཡིད་དང་། བཏང་སྙོམས་ཀྱི་དབང་པོ་སྟེ་དབང་པོ་བཞི་དུས་གཅིག་ཏུ་འགག་གི་ཡོད།
ཉེར་ཐོབ་ནག་ལམ་གྱི་མཚམས་ལ་སླེབ་ཡོང་དུས་འཆི་བ་འོད་གསལ་ཟེར་བའི་སྟོང་པ་ཉིད་ཀྱི་སྣང་བ་དེ་སུ་ཡིན་ཡང་དངོས་གནས་འཆར་གྱི་ཡོད།
འོན་ཀྱང་སྟོང་ཉིད་ལ་གོམས་འདྲིས་མེད་པ་ཚོས་ཤར་ན་ཡང་། འཇིག་སྐྲགས་ཀྱི་དབང་གིས་དེ་ཚོར་མི་ཐུབ། ང་ཚོ་རྒྱུན་དུ་བདག་གམ་ང་ཞེས་པ་དེར་གོམས་ཆེས་པའི་དབང་གིས་ང་སེམས་ལ་འཁོར་བ་དང་། དེ་བརླག་ཏུ་འགྲོ་བར་དོགས་ནས་འཇིག་སྐྲགས་ཡོང་གི་ཡོད། དེ་ལྟར་བར་སྲིད་ལ་ཉིང་མཚམས་སྦྱར་འགྲོ་གི་ཡོད། བཟང་སྐྱོང་གི་མདོ་ལས། ཤི་འཕོས་པ་དེའི་ལུས་ཐ་མལ་གྱི་གཟུགས་ཀྱི་རང་བཞིན་གྱི་རྣམ་པ་དང་ལྡན་པར་འགྱུར་ཏེ།
ཞེས་དང་། ཀུན་བཏུས་ལས། གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་སོ། དེ་བཞིན་དུ།
མཛོད་གནས་གསུམ་པ་ལས། དེ་ནི་འཕེན་པ་གཅིག་པས་ཕྱིར།། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན།
ཞེས་བར་སྲིད་ཀྱི་དུས་སུ་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་བ་ཡིིན་པའི་ཕྱིར་ན་དབང་པོ་ཐམས་ཅད་ཚང་བ་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་ཅན་གྱི་ལུས་འདྲ་ཞིག་རག་གི་ཡོད་གསུང་བ་རེད།
ཡང་དགའ་བོ་མངལ་འཇུག་གི་མདོ་ལས། སྔོན་ལས་ཇི་ལྟ་བ་བཞིན་དུ་གང་དུ་སྐྱེ་བར་འགྱུར་བ་དེ་དང་དབྱིབས་འདྲ་བའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་འགྱུར་རོ། །ཞེས་ཀྱང་གསུངས་ཡོད་པས། འདི་ལ་མཁས་པ་ཚོས་འདོད་ཚུལ་མི་འདྲ་བ་མང་པོ་གསུངས་ཡོད་པ་རེད། མཁས་པ་འགའ་ཞིག་གིས་ནི་བར་སྲིད་ཇི་ཙམ་གནས་པའི་ཚེ་ཕྱེད་སྔ་མའི་གཟུགས་ཅན་དང་བག་ཆགས་ཤས་ཆེ་བ་དང་། ཚེ་ཕྱེད་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་གཟུགས་དབྱིབས་སུ་འགྱུར་བར་འདོད་པ་རེད།
མཛོད་ལས།
དབང་པོ་ཀུན་ཚང་ཐོག་མེད་ལྡན། ཞེས་པ་བཞིན། སྐབས་དེར་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་རག་པ་མེད་པའི་ཡིད་ལུས་ཤིག་ཡིན་ན་ཡང་།
མིག་སོགས་དབང་པོ་རྣམས་ཆ་ཚང་ཞིང་མ་ཡི་མངལ་དང་རབ་གནས་ཐོབ་པའི་རྟེན་སོགས་གནས་དམིགས་བསལ་བ་རེ་ཟུང་མ་གཏོགས་གཞན་གང་དུ་ཡང་ཐོག་པ་མེད་པར་འཇུག་པ་ཞིག་ཡིིན་ལ།
དེའི་ཚེ་ཚད་ནི། ཁྱུང་པོའི་འཆུག་མེད་བར་དོ་གསུམ་གྱི་ཉམས་ལེན་དུ་། དེ་ལ་བར་དོ་ཡུན་ཐུང་ན་བདུན་ཕྲག་གཅིག རིང་ནས་བདུན་ཕྲག་བདུན་གྱི་བར་དུ་བར་དོའི་སྡུག་བསྔལ་སྣ་ཚོགས་མྱོང་ནས་སྐྱེ་བ་ལེན་པར་འགྱུར་རོ་ཞེས་གསུངས་ཡོད།
དེ་ལྟ་བུའི་་བར་དོའི་རྣམ་པར་ཤེས་པ་དེས་ཁོ་ལ་ལུས་རགས་པ་མེད་པས་ག་ས་གང་དུ་གནས་འཚོལ་བའི་འདུ་ཤེས་ཅིག་དང་བཅས་འཁྱམ་ནས་འགྲོ་བཞིན་ཡོད་ལ། མངལ་ཆགས་པར་དེ་ལྟ་བའི་རྣམ་ཤེས་ཤིག་རྒྱུ་ལ་དགོས་ཚུལ་གསུངས་ཡོད།
No comments:
Post a Comment