རྒྱུད་བཞིའི་མཚན་དོན་ལ་དཔྱད་པ།

 

                                              རྒྱུད་བཞི་ཡི་མཚན་དོན་ལ་དཔྱད་པ།

                                                  མེས་པོའི་ཟུངས་ཁྲག་གིས་བྲིས་པའི་རི་མོ། །

                                                  གངས་རིའི་རྣམས་ཤེས་ཀྱིས་སྐྱོང་བའི་གཅེས་ནོར། །

                                                  མི་ཚ་བུ་རྒྱུད་ལ་བདག་པའི་ལོངས་སྤྱོད། །

                                                  མཐོ་སྒང་ཁྱིམ་གཞི་ལ་ཡོད་པའི་ནོམ་པ། །

                                                        

                                                          ཐོག་མར་གླེང་སློང་བ།

 

        ད་ལྟ་གོ་ལ་གཅིག་འགྱུར་གྱི་དུས་ཏེ། ཚན་རིག་རིག་གནས་ཀྱི་ཚད་གཞི་བླ་ནས་བླ་རུ་དང་། དེ་དང་འབྲེལ་བའི་ལག་རྩལ་རིག་གནས་དང་། སྒྱུ་རྩལ་རིག་གནས་སོགས་མདོར་ན་རིག་གནས་གསར་བ་མང་པོ་མང་པོ་ཞིག་་ཕྱོགས་དང་། ཕྱོགས་ཀུན་ནས་དབྱར་དུས་ཀྱི་ཤ་མོང་བཞིན་བརྡོལ་ཡོང་སྟེ། གནའ་བོའི་སྲོལ་རྒྱུན་རིག་གནས་དུ་མ་ཉམས་བཞིན་པའི་དུས་འདིར།  ང་ཚོ་ལ་འཛམ་བུ་གླིང་པ་རྣམས་ཀྱི་མིག་མདུན་ན་ངོམ་རི་ཞིང་གླེང་ཆོག་པ། ལྷག་པར་དུ་ཚན་རྩལ་རིག་པས་ཀྱང་དཔྱད་བཟོད་པའི་རིག་གནས་གསོ་བ་རིག་པ་འདི་ལྟ་བུ་ཞིག་ཡོད་པ་ནི་འུ་ཚོའི་གཟི་བརྗིད་དུ་ཆེ།

      

    དེ་ཡང་རྒྻ་ནག་གི་དབང་འཛིན་པ་རེ་ཟུང་གིས་ལབ་ན་བོད་མི་རིགས་ཟེར་བ་འདི། གལ་ཏེ། ཀྲུང་དབྱིང་གི་ཐུགས་ཁུར་བཀའ་དྲིན་འོག་མེད་རྒྱུ་ན། ཁོ་ཚོ་རིག་གནས་མེད་པ། ཤེས་ཡོན་མེད་པ། ཀླ་ཀློས་རིགས།  ཐང་ན་རང་ཁ་རང་གིས་གསོ་ཐུབ་པའི་རིག་པ་ཙམ་ཡང་མེད་པ་ཞིག་རེད་ཅེས་སོགས་ཤོད་ཀྱིན་ཡོད། ཡིན་ཡང་། ད་བར་འཛམ་གླིང་ཤར་ནུབ་ཀུན་གྱིས་བོད་མི་རིགས་ཟེར་དུས་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་རེད་ཅེས་དང་། ད་དུང་བོད་རིགས་ལ་བདོག་པའི་རིག་གནས་ཁག་ནི་རྒྱུ་མཚན་དང་ལྡན་པ། གནས་ལུགས་དང་མཐུན་པ། ཡ་རབ་བཟང་སྤྱོད་དང་འདྲེས་པ། དོན་སྙིང་མཆིས་པ་རིན་ཐང་ཆེ་བ་ཤ་སྟག་རེད་ཅེས། མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་ལ་སྦྱང་འདོད་ཀྱི་འགྲམ་ཆུ་ལྡང་བཞིན་ཡོད་པ་འདི་རེད།  དེ་བས་ན། འདིར་ཡང་དེ་ལྟའི་རིན་ཐང་བྲལ་བའི་་བོད་ཀྱི་རིག་གནས་ཆེ་བ་ལྔ་ལས་གསོ་བ་རིགས་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞིའི་མཚན་དོན་ལ་ཅུང་ཙམ་དཔྱད་པར་སྤྲོ་བ་བརྟས། །

                                                                    གཅིག

 དེ་ཡང་དང་པོ། བོད་ཀྱི་གསོ་བ་རིག་པའི་གླེག་བམ་འདི་ལ་ཅིས་ཕྱིར་མཚན་རྒྱུད་བཞིར་བཏག་པ་ཡིན་ནམ་ཞེས་དང་། ཡང་ན་རྒྱུད་ཅེས་པའི་དོན་ཅི་ཡིན་ནམ་ཞེ་ན།  དང་པོ་འདི་ལ་རྒྱུད་ཅེས་མཚན་སྦྱར་དོན་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་འདི་ལྗགས་རྩོམས་གནང་བའི་དུས་ཚོད་དང་འབྲེལ་ཆེ་བར་སྣང་སྟེ།

    དེ་ལ་ལོ་རྒྱུས་ཀྱི་གུང་བསྒྲིགས་ནས་བལྟས་ན། ཁོང་ནི་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་དང་ཆོས་རྒྱལ་མིའི་ཨག་ཙོམ་གཉིས་ཀྱི་སྐུ་དུས་སུ་བྱོན་པ་རེད་ལ། སྐབས་དེ་དུས་བོད་ལ་རྒྱ་གར་འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་་བཀའ་དང་དེ་དག་གི་དགོངས་འགྲེལ་བསྟན་བཅོས་གྲངས་མེད་པ་་ཞིག་བསྒྱུར་དང་འགྱུར་བཞིན་པའི་སྒང་ཡིན་པའི་ཁར། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་དར་ཁྱབ་ཧ་ཅང་འགྲོ་བཞིན་ཡོད། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་བོད་ལ་དར་ཁྱབ་འགྲོ་སྟངས་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཚད་མ་དང་མི་བསླུ་བ་ཡིན་པ་ཤེས་པའིོ་ཐོག་ནས། དེའི་ཞལ་ནས་གསུང་པའི་བཀའ་ཐམས་ཅད་ལ་ཚད་མ་དང་མི་བསླུ་བ་ཡིན་པར་ངེས་པ་བརྙེད་དེ་ཡིན་པས། བོད་མི་རྣམས་ཀྱི་སེམས་བསམ་པའི་གཏིང་ཤ་མཆིན་པའི་གསེང་ནས་གུས་བརྩི་འཐོབ་བཞིན་ཡོད། 

    སྐབས་དེ་དུས་རྒྱལ་བའི་བཀའ་འམ། ཡང་ན་དེ་དག་གི་དགོས་འགྲེལ་བསྟན་བཅོས་ཡིན་ན་མ་གཏོགས། གཞན་མི་ཕལ་བ་ཞིག་གིས་བྲིས་པའི་བརྩམ་ཆོས་ལ་ལྟ་ཀློག་བྱེད་མཁན་དཀོན་ཞིང་ལྷག་པར་དུ་ཆ་འཇོགས་ཡིད་ཆེས་བྱེད་མཁན་ནི་དེ་ལས་ཀྱང་ཉུང་བ་ཡིན་པས། གཡུ་ཐོག་ཡོན་ཏན་མགོན་པོས་ཁོང་རང་ཉིད་ཀྱི་བསྟན་བཅོས་ལ་རྒྱུད་ཅེས་མཚན་སྦྱར་དེ། གྲོང་ཁྱེར་ལྟ་ན་སྡུག་པ་ཞེས་བྱ་བར་སྟོན་པ་སྨན་གྱི་བླ་མས་འཁོར་རྣམ་པ་བཞི་ལ་གསུངས་བ་ཡིན་ཚུལ་སོགས་ཀྱིས་གླེང་གཞི་བྱས་ཏེ།  རྒྱལ་བའི་བཀའ་ཡིན་པའི་རྣམ་པ་བཟོས་ཡོད།

   དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ཁོང་གིས་མཛད་པའི་བསྟན་བཅོས་ལ་མི་རྣམས་ཀྱིས་གདེངས་འཇོགས་དང་ཡིན་རྟོན་བྱས་ན་འགྲོ་དོན་དཔག་མེད་འབྱུང་བ་མཁྱེན་ནས་ཡིན་པ་སྨྲོས་ཅི་དགོས། རྒྱུ་མཚན་དེ་དག་གིས་གསོ་རིག་གཞུང་ལུགས་འདིའི་མཚན་རྒྱུད་་བཞི་ཞེས་པའི་རྒྱུད་དེ་ལྟར་སྦྱར་བ་དང་། བཞི་ནི་གཞུང་འདི་ལ་ཏུམ་ཚན་བཞི་ཡོད་པས་ན་གྲངས་སྟོན་པའི་ཚིག་ཏུ་ཟད། ། 

                                                     གཉིས།

   གཉིས་པ་རྒྱུད་ཅེས་པ་ནི་བརྒྱུད་པའི་ཁོངས་བཙུན་པ་སྟོན་བྱེད་ཡིན་ཏེ། སངས་རྒྱས་ཀྱི་ཞལ་དྲོན་མོ་ནས་བརྒྱུད་ཡོང་བ་ལས་རྗེས་འཇུག་མཁས་པས་གསར་དུ་བརྩམ་པ་འམ། སྣོན་འཕྲི་བསྲེ་ལྷད་སོགས་བྱས་མེད་པའི་དོན་ནོ།  དེ་ཡང་། སངས་རྒྱས་ཀྱི་བཀའ་ལ་མདོ་རྒྱུད་གཉིས་སུ་ཕྱེས་པ་ལས། མདོ་ཕྱོགས་ཟེར་ན་་ཕར་ཕྱིན་གྱི་ཐེགས་པ་གཙོ་བོ་དང་། རྒྱུད་ཟེར་ན་གསང་སྔགས་ཀྱི་གཞུང་ལུགས་དག་ལ་གོ་བ་རེད།

    སྤྱིར་རྒྱ་གར་ན་ཕྱི་ནང་གི་གཞུང་ལུགས་མང་པོ་ཞིག་ཆེས་སྔ་མོ་ནས་བརྩམ་ཟིན་ཡོད་ན་ཡང་། འཕགས་པ་དགྲ་བཅོམ་དང་། དྲང་སྲོང་གྲུབ་པ་ཐོབ་པ་དག་གིས་མི་བརྗེད་པའི་གཟུངས་དང་ཏིང་འཛིན་གྱི་མཐུ་ལ་བརྟེན།  སྙན་ནས་སྙན་བརྒྱུད་དུ་གནས་པ་ལས། ཡིག་ཐོག་ཏུ་བ[1]ཀོད་པའི་ལུགས་སྲོལ་ནི་རྗེས་སུ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་མ་གཏོགས་བྱུང་མེད་པར་བཤད་ལ། དེ་ལྟར་དྲང་སྲོང་རིག་པ་འཛིན་པ་དག་གི་སྙན་ནས་སྙན་དུ་བརྒྱུད་ཡོང་བ་ཞིག་ལ་རྒྱུད་ཅེས་གྲགས།

   ཡང་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། ། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། ། གཞི་དང་དེ་བཞིན་རང་བཞིན་དང་། ། མི་འཕྲོག་པ་ཡི་དབྱེ་བས་སོ། ། ཞེས་གཞི་དང་ལམ་དང་འབྲས་བུ་གསུམ་ལ་འགྱུར་བ་མེད་པའི་ངོ་བོར་བཞུགས་པ་སེམས་ཀྱི་རང་བཞིན་གསལ་སྟོང་ཟུང་འཇུག་ལ་བཞག་པའང་ཡོད་ཅེས་[2]ཀུན་མཁྱེན་པད་དཀར་གྱི་རྒྱུད་བརྟག་གཉིས་འགྲེལ་བ་ལས་གསུངས་ཡོད།

  ཡང་མཇུག་དོན་ཡོངས་གཏད་དུ། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། ། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། ། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། ། ཞེས་གསུངས་པ་ལ་བསམས་ན། ལུས་དང་ནད་དེ་ཡི་གཉེན་པོ་གསུམ་བདག་ཉིད་གཅིག་ཏུ་འབྲེལ་ཞིང་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་བའོ་ཞེས་འགྲེལ་ན་ཡང་དོན་དང་མཐུན་སྙམ།

    ཡང་གཅིག་བཤད་ན། ནང་པ་གཅིག་པུ་ཙམ་མ་ཡིན་པར་ཕྱི་རོལ་མི་སྟེགས་པའི་གཞུང་ལུགས་མང་པོ་ལ་ཡང་རྒྱུད་ཅེས་འབོད་པ་ཡོད་སྐད། གང་ལྟར་མདོ་དོན་དྲིལ་ནས་བཤད་ན་གཞུང་ལུགས་གང་ཞིག་རྒྱུད་ཡིན་ཕྱིན་ཆད་བརྒྱུད་པ་དྲི་མ་དང་བྲལ་བ་ཞིག་ཡིན་པའོ། །  

                                           གསུམ།

    དེ་ལྟར་ང་ཚོའི་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་འདིར་རྒྱུད་ཅེས་མཚན་སྦྱར་བའི་དོན་ལ་དཔྱད་ཟིན་པའི་རྗེས་སུ། ད་ནི་རྩ་རྒྱུད་སོགས་རྒྱུད་བཞི་པོ་རེ་རེའི་མཚན་དོན་ལ་དཔྱད་པར་བྱ་བ་ལ།  ཐོག་མར་རྩ་བའི་རྒྱུད་ཅེས་་པ་ནི། དཔེར་ན་ཤིང་སྡོང་གི་རྩ་བ་ནི་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སོགས་ཆ་ཚང་སྐྱེ་བའི་ཨ་མའམ་གཞི་ཡིན་པ་ལྟར། རྩ་བའི་རྒྱུད་ཀྱང་བཤད་རྒྱུད་དང་མན་ངག་རྒྱུད་དང་ཕྱི་མ་རྒྱུད་བཅས་གང་ལས་སྐྱེས་པའི་ཨ་མ་འམ་གང་ལས་བྱུང་བའི

གཞི་ཡིན་ཏེ། མཇུག་དོན་ཡོངས་གཏན་ལས། རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། ། འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། ། ཞེས་གསུངས་ཡོད།

      འདི་ལྟར་དང་པོ་རྩ་བའི་རྒྱུད་ཀྱིས་གླེང་བསླང་ཤིང་བཤད་པའི་རྒྱུད་ཀྱིས་དེ་ལ་འགྲེལ་བཤད་འཕར་མ་བསྣན་ཏེ་ཁ་ཇེ་གསལ་དུ་བཏང་བའི་ལུགས་འདི་ནི་གསང་སྔགས་རྒྱུད་སྡེ་སྤྱི་ལ་ཁྱབས་པའི་འགྲོས་ཤིག་ཀྱང་ཡིན་ཏེ། འདི་ལ་ཀུན་མཁྱེན་ཕདྨ་དཀར་པོས་སྟོན་པས་གླེང་གཞི་གཅིག་ཏུ་གསུངས་ཤིང་དེ་ཉིད་ལ་འགྲེལ་བ་ལྟ་བུ་བཤད་རྒྻུད་སོགས་རྒྱུད་གཞན་དག་བཤད་པར་བྱ་བའི་གཞིར་གྱུར་བ་གང་ཡིན་པ་དེ་ནི་རྩ་རྒྱུད་དོ། ཅེས་སོགས[3]གསུངས་ཏེ། གསང་སྔགས་རྒྱུད་སྡེ་ཐུན་མོང་སྤྱི་འགྲོས་ལྟར་རྩ་རྒྱུད་ཅེས་པའི་དོན་དེ་ལྟར་བཀྲལ་ཡོད། 

    བཤད་པའི་རྒྱུད་ཀྱི་མགོར། བསྡུས་དོན་རྩ་རྒྱུད་དེ་ལྟར་གསུངས་ལགས་ན། ། ད་ནི་བཤད་པའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། ། ཞེས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་བཀའ་འདྲི་ཞུས་པའི་ཚིག་དེ་ལ་བསམ་ན་ཡང་། རྩ་རྒྱུད་ནི་རྒྱུད་ཕྱི་མ་དག་གི་དོན་མཐའ་དག་སྙིང་པོར་བསྡུས་ཏེ་གསུངས་ཡོད་པའི་རྒྱུད་ཡིན་པ་གསལ་བོར་རྟོགས་ཐུབ།

  གཞན་རྩ་བའི་རྒྱུད་ནི་གང་ཟག་དབང་པོ་རབ། བློ་རྣོ་བ། ཤེས་རབ་ཆེ་བ་དག་གི་དོན་དུ་ཚིག་གི་ལོ་མའི་རྒྱས་སྤྲོས་མཐའ་དག་་སྤངས་དེ།  དོན་གྱི་འབྲས་བུ་ལ་ཁོ་ན་ལ་ཕྱོགས་ཡོད་པའི་གཞུང་ལུགས་ཤིག་ཀྱང་ཡིན་ཏེ། ཕྱི་མ་རྒྱུད་ཀྱི་མགོར། རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དང་གསུམ། ། དབང་པོ་རབ་འབྲིང་ཐ་མའི་དོན་དུ་གསུངས་ལགས་ན། ། ཞེས་སྐྱེས་བུ་དབང་པོ་རབ་ཅན་དག་གིས་རྩ་རྒྱུད་གཅིག་པུ་ཤེས་པ་ཙམ་གྱིས་ཀྱང་རྒྱུད་དོན་ཡོངས་སུ་རྟོགས་ཏེ་རྒྱུད་ཕྱི་མ་དག་ལ་བརྟེན་མི་དགོས་པ་ཡིན་ནོ། །   

                                                                 བཞི།

    བཤད་པའི་རྒྱུད་ཀྱི་གོ་དོིན་ནི། རྩ་རྒྱུད་གསུངས་པའི་ཕྱིས་སུ་གསུངས་པ་གང་ཞིག་རང་ཉིད་རྒྱུད་གཞན་འཆད་པའི་འགྲེལ་བ་ལྟར་གནས་པའོ་ཞེས་[4]རྒྱུད་བརྟག་གཉིས་ཀྱི་འགྲེལ་བ་ཀུན་མཁྱེན་དགོངས་རྒྱན་ཞེས་པར་འཛི་སྒར་མཁན་པོས་གསུངས་ཡོད། ཁོང་གིས་དེ་ལྟར་གསང་སྔགས་རྒྱུད་སྡེ་སྤྱི་འགྲོ་ལྟར་བཤད་པའི་རྒྱུད་ཀྱི་དོན་བཀྲལ་བ་དེ་སྐབས་བབས་ཀྱི་བཤད་པའི་རྒྱུད་ཀྱི་དོན་དང་ཡང་མཐུན་པར་གནས།

       རྒྱུད་འདིས་བཤད་བྱ་ནི་གནས་བཅུ་གཅིག་ཅེས་པ་དེ་དག་རེད། དེས་ན་གནས་ཞེས་པ་ནི་གང་ཞིག་གང་ལ་བརྟེན་པའམ་གནས་སའི་ས་ཆ་ཡི་དོན་ཏེ། དཔེར་ན། རྒྱལ་པོའི་ཕོ་བྲང་ལ་རྒྱལ་པོ་བཞུགས་པའི་གནས་ལྟ་བའོ།  སྐབས་འདིར་ཡང་། གནས་ཞེས་པའི་དོན་ལ་གོ་བ་དེ་ལྟར་བླངས་ནའབྲེལ་ཆེ་བར་སྣང་སྟེ། རྒྱུད་འདི་ནི་དང་པོ་རྩ་བ་མདོ་ནས་བྱ་སྤྱོད་སྨན་པའི་བར་གྱི་བཤད་བྱ་བཅུ་གཅིག་པོ་བཞུགས་པའི་གནས་ཡིན་པས་སོ།

       དེ་ལྟར།  རྒྱུད་འདིས་གསོ་བྱའི་ཡུལ་ལ་གང་གི་དོན་དུ་གསོ་བ་ལུས་དང་དེ་ལས་བྱུང་བའི་ནད། གསོ་བྱེད་གཉེན་པོ་ལ་ཟས་སྤྱོད་སྨན་དཔྱད་བཞི། ཇི་ལྟར་གསོ་བ་ལ་རྣམ་པར་མ་གྱུར་བའི་ཐ་མལ་ནད་མེད་སྐབས་མི་ན་བ་གནས་པར་བྱ་བ་སྟེ། ཚེ་བསྲིང་བ་དང་ལས་བརྟས་པར་བྱ་བ་སོགས་དང་། འདུ་བ་རྣམ་པར་གྱུར་ནས་གང་ཟག་ནད་ཀྱིས་གདུང་བ་ལ་ནད་དངོས་སུ་གསོ་བ་དང། དེ་ལྟ་བའི་ལས་སམ་བྱ་བ་བྱེད་པའི་སྨན་པ་བཅས་ཀྱི་མཚན་ཉིད་དང་དབྱེ་བ་སོགས་རྒྱས་པར་གསུངས་ཏེ། གསོ་བ་རིག་པའི་ལྟ་གྲུབ་བཤད་པའི་གནས་སུ་གྱུར་ཡོད། །   ། །

                                                            ལྔ།

     མན་ངག་རྒྱུད།  མི་བསླུ་ངེས་པར་སྟོན་པ་མན་ངག་གོ ཞེས་པ་ལྟར་མན་ངག་ཅེས་པ་ནི་པོ་ཏི་ལ་སོགས་པའི་ནང་ནས་བརྙེད་པའི་དྲང་དོན་དུ་བསྟན་ཡོད་པ་རྣམས་བླ་མ་མཁས་པ་དག་གིས་ངེས་པའི་དོན་དུ་བཀྲལ་བ་དེ་བརྒྱུད་པའི་རིམ་པ་ཡི་གདམ་པ་ཞིག་ཡིན་པར་ནཱ་རོ་པས་གསུངས།

         སྤྱིར་མན་ངག་ལ་བཤད་པ་མང་ལ་འགྲེལ་བ་ཞིབ་ཚག་ཏུ་བཀོད་པ་དོན་རྒྱས་པར་བཀྲལ་བའི་་རིགས་ཤིག་དང་།  ལག་ལེན་དམར་ཁྲིད་དུ་འཆད་ཅིང་དོན་ཧྲིལ་གྱིས་འདྲིལ་བ་ལུང་གི་དོན་འབྲིང་པོར་བསྟན་པའི་རིགས་ཤིག་དང་། ཚིག་ཉུང་ལ་དོན་གནད་འདུས་པ་བསྡུས་དོན་ངོ་སྤྲོད་ཀྱི་རིགས་ཤིག་ཏེ་གསུམ་ཡོད་ཟེར།

     དེས་ན་འདིར་ནི་བཤད་པའི་རྒྱུད་ལྟ་བུ་གཞུང་གི་ལྟ་གྲུབ་སོགས་བཤད་པ་ལྷུར་ལེན་པའི་སྐབས་མ་ཡིན་པར། ནད་གསོ་བའི་ལག་ལེན་གཙོ་བོར་བྱ་བའི་སྐབས་ཡིན་པས་ན།  བླ་མ་བརྒྱུད་པ་ཟམ་མ་ཆད་པ་ལས་ཉེ་བར་འོང་བའི་སློབ་དཔོན་མཚན་ཉིད་ལྡན་པ་ཞིག་གིས། གསོ་བ་རིག་པའི་གཞུང་ལུགས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་མཐའ་དག་སློབ་ཕྲུག་ལ་ལག་ལེན་དམར་ཁྲིད་མ་ནོར་བར་ངེས་པར་ཏུ་སྩལ་དགོས་པས་ན་མན་ངག་གི་རྒྱུད་ཅེས་ཁྲིད་ཐབས་ཀྱི་སྒོ་ནས་མཚན་བཏག་པ་རེད་སྙམ།

    མདོར་ན་གཞུང་ལུགས་སོགས་ཀྱི་བཤད་སྲོལ་ཐུན་མོང་མ་ཡིན་པའི་རིགས་ཁ་ཤས་ཡིག་ཐོག་ཏུ་འགོད་མི་རུང་བའམ། ཡང་ན་འགོད་མི་བཏུབ་པའི་རིགས་གང་ཡིན་པ་དེ་དག་གི་དོན་སློབ་དཔོན་མཁས་པས་ལུས་ངག་གི་རྣམ་འགྱུར་གང་རུང་བརྒྱུད་སློབ་ཕྲུག་ལ་གོ་བརྡ་འཕྲོད་པར་བྱ་ལ་མན་ངག་ཏུ་བཞག་ན་མ་འགྲིགས་པ་ཡོད་ཀྱི་མ་རེད་འདོད།

   མན་ངག་རྒྱུད་འདི་སྐབས་བཅོ་ལྔར་པྱེས་ཏེ་གསུངས་ཡོད། སྤྱིར་བཏང་གི་སྐད་ཆ་ནང་བཞིན་འདིར་བསྟན་ཀྱི་སྐབས་ཞེས་པའི་དོན་ནི་དུས་ལ་གོ་དགོས་སྙམ། ཇི་ལྟར་ཞེ་ན། འདི་ནི་དང་པོ་ཉེས་གསུམ་ནས་བཅོ་ལྔ་པ་རོ་ཙའི་བར་གྱི་ནད་མཐའ་དག་གསོ་བར་བྱེད་པའི་དུས་ཡིན་པས་སོ། གོ་བ་དེ་ལྟར་བླངས་ན་བཤད་རྒྱུད་དུ་གནས་བཅུ་གཅིག་གིས་གསོ་བའི་རིག་པའི་ལྟ་གྲུབ་བཤད་ཡོད་པ་དང་། རྒྱུད་འདི་ཡིས་གོང་གི་ལྟ་གྲུབ་དེ་དག་དང་ལྡན་པའི་ཐོག་ནད་དང་གཉེན་པོ་དངོས་སུ་སྤྲད་ནས་ནད་ཀྱི་དགྲ་དཔུང་ཐལ་བར་བརླག་པའི་དུས་ཡིན་པ་ཤེས་ཐུབ། །     །།

                                                                  དྲུག

    ཕྱི་མ་རྒྱུད་ཀྱི་མཚན་དོན་ལ་དཔྱད་པ། གཡུ་ཐོག་ཡོན་ཏན་མགོན་པོས་གསོ་བ་རིག་པའི་གཞུང་ལུགས་འདི་བརྩམ་གནང་དུས། གོང་དུ་བཤད་ཟིན་པ་ལྟར་དགོས་པ་དུ་ལ་དགོངས་ནས། གཞུང་ལུགས་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལྟར་དུ་བཅོས་ཡོད། རྒྱལ་བའི་བཀའ་རྣམས་ལས་ཀྱང་། ངེས་དོན་མཐར་ཐུག་སྟོན་པའི་རྒྱུད་སྡེ་ཁག་ཅི་བཞིན་བཟོས་ཏེ་མཚན་ཡང་རྒྱུད་བཏག་ཡོད།

    དེ་ལྟར། གསང་སྔགས་ཀྱི་རྒྱུད་སྡེ་གཞན་དག་ལ་རྩ་རྒྱུད་དང་བཤད་རྒྱུད་རྒྱུད་ཕྱི་མ་སོགས་གསུངས་ཡོད་པ་བཞིན། གཞུང་ལུགས་འདི་ཡང་དེ་དག་དང་སྒོ་ཀུན་ནས་མཚུངས་པར་མཛད་པས་ན། འདིར་རྒྱུད་ཕྱི་མ་གསུངས་པ་རེད། སྤྱིར་བཏང་རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མ་སོགས་ནི་བཤད་རྒྱུད་དུ་འདུས་པ་ཡིན་ཏེ། སྔར་གསུངས་པའི་རྩ་རྒྱུད་དུ་དོན་བསྡུས་པས་མ་གསལ་བ་དག་ཁ་ཇེ་གསལ་ཏུ་གཏོང་བ་སོགས་བཤད་རྒྱུད་དང་གཅིག་མཚུངས་ཡིན་པས་སོ། ཞེས་གསུངས་མཁན་ཡང་ཡོད།

    ཕྱི་མ་རྒྱུད་ཀྱི་ཕྱི་མ་ཞེས་པའི་ཚིག་དེའི་དོན་ལ་མང་པོ་ཞིག་གིས་སྔ་ཕྱི་བར་གསུམ་གྱིས་ཕྱེས་པའི་ཕྱི་མ་སྟེ། ཐ་མའམ་ཡང་ན་གཞུགས་མ་ལ་གོ་བ་རེད། ཡིན་ཡང་། རྒན་རག་རྡོ་རིན་པོ་ཆེས་འདི་ལ་གོ་བ་དེ་ལྟར་བླངས་ན་མི་འགྲིགས་ཏེ། ཚིག་འདི་ཡི་དོད་དུ་ལེགས་སྦྱར་ནང་ཨུཏྟ་ར་ཞེས་པ་ཡིན་ལ། དེ་ཡི་དོན་ནི་ཕྱི་མོ་ཞེས་པའི་དོན་ཡིན་པ་ལས། མཐའ་མ་དང་གཞུགས་མ་ཞེས་པའི་དོན་མིན་ཚུལ་སོགས་གསུང་མྱོང་བ་ནས། དེ་ཡི་ཁ་ཆུ་མིག་ཆུ་འཐུང་ནས་སློབ་ཕྲུག་མང་ཆེ་བས་ཕྱི་མོ་ཞེས་པའི་དོན་ཡིན་ཚུལ་ཤོད་ཀྱིན་ཡོད།

     ཡིན་ཡང་། ང་ལ་མཚོན་ན། གསུང་སྟངས་དེ་བློ་ལ་འབབ་བདེ་བ་ཞིག་ཁྱོན་ནས་མི་འདུག  ཇི་ལྟེ་ཞཻ་ན། ཕྱི་མོ་ཞེས་པ་ནི་མའི་མ་སྟེ་ཨ་ཕྱི་ལ་འཇུགས་པ་དང་། ཡང་བརྡ་རྙིང་དག་ཏུ་རྩ་བའམ་གཞི་ལའང་འཇུགས་ཚུལ་ཚིག་མཛོད་དག་ལས་གསུང་ཡོད། དེ་ལྟར་ཡིན་ན། རྩ་རྒྱུད་ནི་བཤད་རྒྱུད་སོགས་རྒྱུད་ལྷག་མ་གསུམ་པོ་འབྱུང་སའི་རྩ་བ་ཨ་མ་ལྟར་ཡིན་པ་མངོན་སུམ་ཚན་མ་དང་མིག་མཐོང་ལག་ཟིན་ཡིན་པས་ན། ཅིས་ཕྱིར་རྩ་རྒྱུད་ལ་ཕྱི་མོ་རྒྱུད་མ་བཏག་པ་ཡིན་ནམ་སྙམ་པ་དེ་རེད།

    གང་ལྟར། རྒན་རིན་པོ་ཆེས་དེ་ལྟར་གསུང་བ་ནི། གསང་སྔགས་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་རྒྱུད་ལ། སྤྱིར་ཚིག་གི་རྒྱུད་དང་དོན་གྱི་རྒྱུད་གཉིས་ཡོད་པ་ལས། དོན་གྱི་རྒྱུད་ལ་ཡང་ཐབས་དང་རང་བཞིན་གཉིས་ལས། རང་བཞིན་རྒྱུད་ལ་གཞི་ཡི་རྒྱུད་དང་། སྙིང་པོ་རྒྱུད། མེ་ཏོག་རྒྱུད་དེ་གསུམ་དུ་ཕྱེས་པ་ལས། དང་པོ་གཞི་ཡི་རྒྱུད་ལ། ཕྱི་མོ་རྒྱུད་ཅེས་འབོད་པ་ཡིན་པ་དེ་ལ་དགོངས་ཏེ་ཡིན་ས་རེད་སྙམ།  དེ་ཡང་གཞི་ཡི་རྒྱུད་ཅེས་པ་་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་དེ་ལ་བྱ་ཞིང་། གཞི་དེ་ལས་སངས་རྒྱས་དང་སེམས་ཅན་ཐམས་ཅད་སྐྱེས་པ་ཡིན་ན་ཕྱི་མོ་རྒྱུད་ཟེར་བ་རེད། (འདི་དག་གི་སྐོར་རྒྱས་པར་མཁྱེན་འདོད་མཁན་དག་གིས་ཀུན་མཁྱེན་ཀློང་ཆེན་གྱི་ཐེག་མཆོག་མཛོད་ལ་གཟིགས་འཚལ།)

  རྒྱལ་ཚབས་བྱམས་པས་མཛད་པའི་བྱམས་ཆོས་སྡེ་ལྔ་ཡི་ཡ་ཀྱལ་མ་ཧཱ་ཡ་ན་ཨུཏྟ་ར་ཤ་སྟྲ་ཞེས་པར་བོད་སྐད་དུ་རྒྱུད་བླ་མ་ཞེས་བསྒྱུར་ཡོད། འདི་ལ་རྒྱུད་ཀྱི་མཁན་པོ་དག་གིས་མགྲེལ་བཤད་གནང་དུས་རྒྱུད་བླ་མ་ཞེས་པའི་དོན་ནི་རྒྱུད་གོང་མ་སྟེ འཁོར་ལོ་ཐ་མའི་དགོངས་འགྲེལ་ངེས་དོན་མཐར་ཐུག་པ་དེ་ཡིན་པས་ན་འདི་ལས་ཡན་ན་རྒྱུད་གཞན་མེད་པ་རེད། དེའི་ཕྱིར་ན་རྒྱུད་བླ་མའོ།  ཞེས་སོགས་གསུང་གི་རེད།  རྒྱུད་གཞན་དག་ཏུ་ཨུཏྟ་ར་ཞེས་པ་དེ་ཕྱི་མ་ཞེས་པར་བསྒྱུར་བ་མང་ལ།  དེ་ལྟར་བསྒྱུར་ན་ཡང་དོན་གཅིག་ཏུ་གནས་པ་ཡིན་ཏེ། ཕྱི་མ་ནི་ཐ་མའི་དོན་དང་འདྲ་སྟེ་དེ་ལས་ཕན་ན་འགྲོ་ས་མེད་པའི་དོན་ནོ།

     དེ་ལྟར་ན། སྐབས་འདིར་ཕྱི་མ་རྒྱུད་ཅེས་པའི་དོན་ཡང་ཆེས་མཐར་ཐུག་གི་གསོ་ཐབས་དེ་ལས་ཕན་ན་གསོ་ཐབས་གཞན་མེད་པ།  དཔེར་ན་རྒྱལ་བའི་བཀའ་རྣམས་ལས་འཁོར་ལོ་ཐ་མའི་དགོངས་དོན་ངེས་དོན་མཐར་ཐུག་པ་ལྟར་གོ་བ་བླངས་ན་དོན་དང་མཐུན་ལ།  དེ་ལྟར་བྱས་ན། བོད་གཞུང་སྨན་རྩིས་ཁང་ནས་རྒྱུད་བཞི་དབྱིན་ཡིག་ནང་བསྒྱུར་བཞིན་པ་དེའི་ནང་ཕྱི་མ་རྒྱུད་ལ་(Last Tantra) ཞེས་བསྒྱུར་འདུག་པ་དེ་ཡང་དོན་མཐུན་པ་རེད། དབྱིན་སྐད་ནང་ན་last ཟེར་བ་དེ་ཆེས་མཐར་ཐུག་དེ་ལས་ཕན་ན་གཏམ་རྒྱུ་མེད་པ་ལ་གོ་བ་ཡང་ཡོད་དེ། དཔེར་ན།   last price is 100 ལྟ་བུའོ།



[1] སློབ་དཔོན་སེམས་དཔའ་རྡེ་རྗེས་མཛད་པའི་གྲུབ་མཐའ་སྙིང་པོ་ཀུན་བཏུས། སྟོད་ཆ། ཤོག་བུ་148ལ།  SHRI DIWAKR P/UlBLICATION, Kalimpong (W.B) India

 

[3] འཛི་སྒར་མཁན་པོ་ཕྲིན་ལས་རྡོ་རྗེས་མཛད་པའི་རྒྱུད་བརྟག་གཉིས་ཀྱི་འབྲེལ་བ་ཀུན་མཁྱེན་དགོངས་རྒྱན་ཅེས་པའི་ཤོག་ངོས་༡༡ printed by Chman Enterprises, Darya Ganj, New Delhi

 

[4]འཛི་སྒར་མཁན་པོ་ཀརྨ་འཕྲིན་ལས་ཀྱིས་མཛད་པའི་བརྟག་འགྲེལ་ཀུན་མཁྱེན་དགོངས་རྒྱན་ཞེས་པའི་ཤོག་ངོས་༡༢ publishedi by Chaman Enterjprise Darya, Ganj, New Delhi in 2019

No comments:

Post a Comment