རྐྱེན་ཉོན་མོངས་པ།

 རྐྱེན་ཉོན་མོངས་པ།

  བར་དོའི་ཡུལ་གྱི་རྣམ་པར་ཤེས་པ་དེ་འགག་པའམ་འཆི་བར་རྐྱེན་ཅིག་དགོས་པ་ཡིན་ལ།  སྐབས་འདིེར་ཉོན་མོངས་པ་ཤིག་གིས་རྐྱེན་དེ་བྱེད་པ་རེད།

   དེ་ཡང་།  བར་དོའི་རྣམ་ཤེས་རྒྱུ་བཞིན་པའི་དུས་ཤིག་ལ།  ཕ་མ་གཉིས་ཉལ་ཡོད་པ་མཐོང་ནས་གནས་འཚོལ་བའི་སེམས་ཀྱིས་དེ་གཉིས་ཀྱི་རྩར་བཅར་ཚེ། ་ཕོར་སྐྱེ་བའི་ལས་བསགས་པ་ཞིག་ཡིིན་ན་མ་ལ་ཆགས་པ་སྐྱེས་ནས་དེའི་རྩར་ཉེ་བར་འགྲོ་བ་རེད། ཡིན་ཡང་ཕ་མ་གཉིས་ཀྱིས་དེ་མི་ཤེས་པས་ཁོ་གཉིས་ཀྱིས་འཁྲིག་པའི་ལས་བྱེད་པ་ལས་ལན་མི་སློག་པ་ན།  ཕ་ལ་སྡང་བའི་སེམས་ཆེན་པོ་ཞིག་བྱུང་ནས་རྣམ་ཤེས་དེ་བརྒྱལ་ནས་སྲོག་འགག་འགྲོ་བ་དང་། དེ་མ་ཐག་ཏུ་ཨ་མའི་ཁོག་པར་རྣམ་ཤེས་དེ་འཁོར་ནས་ཁུ་ཁྲག་ལ་ཉིང་མཚམས་སྦྱར་ཚར་བ་ཡིན་ལ། མོར་སྐྱེ་བའི་ལས་བསགས་པ་ཞིག་ཡིན་ན་ཕ་ལ་ཆགས་ནས་མར་སྡང་བ་སོགས་སྔར་དང་མཚུངས།

      དེ་ལྟར་ཁུ་ཁྲག་སེམས་གསུམ་འཛོམས་སོང་དུས་འབྱུང་ལྔའི་རང་བཞིན་ཅན་གྱི་ལུས་འདི་གྲུབ་པའི་མགོ་ཚུགས་པ་ཡིན་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས། བོ་ལ་ཀ་ཀོ་ལ་སྦྱོར་བས།། རེག་པ་སྲ་བའི་ཆོས་ཀྱིས་ནི།། ས་ནི་དེ་ལས་སྐྱེ་བར་འགྱུར།། བྱང་སེམས་ཁུ་བའི་རྣམ་པ་ལས།། ཆུ་ཡི་ཁམས་ནི་འབྱུང་བར་འགྱུར།། བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ།། འགྲོ་བ་རླུང་དུ་རབ་ཏུ་གྲགས། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས།། ལྔ་བོ་རྣམ་ཀྱིས་ཡོངས་སུ་བསྐོར།། ཞེས་སོགས་གསུངས་ཡོད།

   སྐབས་འདིར་མངལ་ཆགས་པའི་སེམས་ཅན་དེས་དབང་པོ་དག་ལས་ལུས་དང་སྲོག་གི་དབང་པོ་གཉིས་ཐོག་མར་བརྙེད་པ་ཡིན་ཏེ། འཕགས་པ་དབྱིག་གཉིས་ཀྱིས། འདོད་པར་དང་པོ་རྣམ་སྨིན་གཉིས།། ཞེས་གསུངས་ཡོད་ལ། དེའི་དོན་ནི་འདོད་ཁམས་ཀྱི་སེམས་ཅན་ཞིག་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་བའི་དབང་པོ་གཉིས་གསར་དུ་རྙེད་པ་ཡིན་ལ།  དེ་ནི་ལུས་དང་སྲོག་གི་དབང་པོ་ཡིན་ནོ། །  ། །

No comments:

Post a Comment