སྔོན་བསགས་ཀྱི་ལས།

བར་དོའི་རྣམ་ཤེས་ནི་ག་ས་གང་དུ་བུ་ཡུག་བཞིན་འཚུབ་འདུག་ཡོད་ཟེར། འོན་ཀྱང་བར་དོའི་རྣམ་ཤེས་གང་ཞིག་ཕ་མ་དེ་གཉིས་ཀྱི་ཕྲུ་གུར་སྐྱེ་བའི་ལས་ཡོད་མཁན་ཞིག་ཡིན་ན་མ་གཏོགས་མ་བུ་ཆགས་མི་ནུས་པ་རེད།  ཁ་མ་དང་བུ་ཕྲུག་གསུམ་གྱི་བར་ལ་འབྲེལ་བ་ཡོང་བ་ལ་ཁོ་ཚོར་སྔོན་གྱི་ལས་དགོས་པ་རེད།

 ཀ་ཏ་ཡ་ནིས ཕ་ཤ་ཟ་ཞིང་མ་མཆུ་བརྡུངས་།། སྡང་བའི་དགྲ་བོ་པང་དུ་བླངས།། ཆུང་མས་ཁྱོ་ཡི་རུས་པ་འཆའ། ཞེས་སོགས་གསུངས་པ་བཞིན། ང་ཚོ་ཕ་མ་དང་ཕྲུ་གུར་ཆགས་པ་དེ། འབྲེལ་བ་ཡག་པོ་ཡོད་པ་འམ། ཡང་ན་འབྲེལ་བ་བཟང་དྲག་ནས་དེ་ལྟར་ཆགས་པ་མིན་པར། དེ་ལས་་ལན་ཆགས་རྐྱང་རྐྱང་གི་དབང་གིས་ཡིན་ལ།

 ལན་ཆག་ཟེར་ན་བུ་ལོན་རེད། ཚེ་རབས་ནས་ཚེ་རབས་ཏུ་སྲོག་གི་ལན་ཆགས་འཁོར་ཡོད་པ། རྒྱུའི་ལན་ཆགས་འཁོར་ཡོད་པ་ལྟ་བུ་ལ་སོགས་པའི་བུ་ལོན་མང་པོ་ཞིག་ཡོད་པས་རེད།

   བུ་ལོན་དེ་དག་ཕར་མ་འཇལ་ན་འགྲོ་ས་མེད་པ་ནི་ཆོས་ཉིད་དུ་ཟད་པས། དེ་འདྲའི་ལན་ཆགས་དེ་ཚེ་འདི་ལ་བསད་དགོས་པས་ཕྲུ་གུར་འཁོར་གྱིན་ཡོད་པར་གསུངས།

  དཔེར་ན་པདྨ་བཀའ་ཐང་ནང་དུ་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་སྐབས་སུ། ཚེ་སྔོན་མ་ཞིག་ལ་ལྷ་ལྕམ་སྦྲང་མ་ཞིག་གི་ལུས་བླངས་ཡོད་པ་དེ་རྒྱལ་པོའི་དབུ་ལ་བབས་ཚེ། རྒྱལ་པོས་ཕྱག་གིས་བྱབས་པས་སྦྲང་མ་དེ་ཤི་བའི་སྲོག་གི་ལན་ཆགས་ཡོད་པས། རྒྱལ་པོའི་སྲས་མོར་སྐྱེས་པ་ཡིན་ཚུལ་སོགས་སློབ་དཔོན་གྱིས་གསུངས་ཡོད་པ་ལྟར་རེད།

 དེ་ལྟ་བའི་རྒྱུ་དེ་རྣམ་པར་རྨིན་པའི་དུས་ལ་བབ་ཡོད་ན་ད་གཟོད་ཕྲུ་གུ་དང་ཕ་མ་ཆགས་ཚུལ་གསུངས་ཡོད་ཏེ། བཤད་པའི་རྒྱུད་ལས། ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། ཞེས་སོགས་གསུངས་ཡོད་པ་དེ་ཀ་རེད།  

No comments:

Post a Comment