བྱེ་བྲག་ཏུ་མངལ་ཆགས་པའི་རྒྱུ་ཁུ་ཁྲག་དངོས་བཤད་པ།
མཐར་མོ་འབྲས་ནང་དུ་སྨིན་ནས་ཆེ་རུ་ཆེ་རུ་འགྲོ་དུས་བུ་སྣོད་ཀྱི་ལྡེབས་དང་དེ་ནས་ཕྱི་ལ་འབབ་ཀྱིན་ཡོད་པ་མཐོང་ཆོས་སུ་གྱུར་ཡོད། མོ་འབྲས་ནང་དུ་བུ་མོ་ཆུང་ཆུང་ཞིག་ཡིན་ན་ཡང་སྒོ་ང་སྟོང་ཕྲག་མང་པོ་ཡོད་པ་དང་།
དེ་དག་རིམ་བཞིན་ལང་ཚོ་རྫོགས་དུས་ནང་ནས་ཆེར་སྨིན་ཏེ་ཕྱིར་ཐོན་ཡོང་ནས། རྩ་ཆེན་གཉིས་བརྒྱུད་བུ་སྣོད་ཀྱི་ལྡེབས་སུ་ཁམས་དམར་བོ་ཆགས་རྒྱུ་ཡིན་ཚུལ་དེང་སང་ཡང་བཤད་པ་རེད།
དེ་ལྟར་བུད་མེད་དར་མ་ཞིག་ཡིན་ན་ཟླ་བ་རེ་རེ་བཞིན་བསགས་པའི་ཁམས་དམར་ཀྱི་སྙིགས་མ་དག་ཟླ་བ་ཟླ་བར་ཕྱི་རུ་ཐོན་གྱིན་ཡོད་ལ།
ཞག་མ་ལ། ཚེས་ཞག་དང་ཉིན་ཞག་ཁྱིམ་ཞག་ཅེས་ཉི་མ་རེ་རེ་ལ་ཡང་བརྩི་ཚུལ་གསུམ་རེ་ཡོད་པ་ལས།
ཁྱིམ་ཞག་གི་་དབང་དུ་བྱས་ན་ཞག་ཉེར་བརྒྱད། ཚེས་ཞག་གི་་དབང་དུ་བྱས་ན་ཕལ་ཆེར་ཟླ་བ་གཅིག་གི་རིང་རེད། བུད་མེད་ལ་ཟླ་མཚན་འབབ་པའི་དུས་དང་ཟླ་མཚན་རྫོགས་པའི་དུས་ཡོང་གི་ཡོད་པ་དེ་འདིའི་རྐྱེན་གྱིས་ཡིན། མདོར་ན་ཁམས་ཟེར་བ་དེ་དང་པོ་ཀླད་པ་ནས་མར་འཛག་སྟེ་མོ་འབྲས་དང་བུ་སྣོད་སོགས་བརྒྱུད་འགྱུར་བ་སོང་སོང་བའི་ཐ་མ་དེ་ཡིན་ལ།
ཐ་སྙད་དུ་ཁམས་དཀར་དམར་རམ་ཐིག་ལེ་ཡང་ན་ས་བོན་དང་ཁུ་ཁྲག་བཅས་ཀྱིས་འབོད་པ་ཡིན་དེ། འདི་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ཁོ་ན་ཡིན། འདི་ལ་མངལ་ཆགས་པའི་རྒྱུ་བྱེད་མཁན་ཞིག་དང་།
ཕྱི་ལ་ཐོན་འགྲོ་བའི་ཁམས་གཙང་མ་བཟོ་བྱེད་ཅིག་བཅས་རིགས་གཉིས་ཡོད་པ་ལས། དང་པོ་དེ་ལ་འཕེལ་ཟད་འཁྲུགས་གསུམ་དང་ལྡན་འདུས་བཅས་ཀྱི་སྐྱོན་མེད་པ་ནི་འདིར་བསྟན་མངལ་ཆགས་པའི་རྒྱུའི་ནང་ནས་གཅིག་ཡིན།
ཟླ་བའི་རྒྱལ་པོ་ལས་ཀྱང་། ཤ་དང་རྩ་དང་སྣོད་རྣམས་ནི།། མ་ཡི་རྒྱུ་ལས་བྱུང་བའོ།
།རུས་པ་ཆུ་བ་སྣོད་རྣམས་ནི། །ཕ་ཡི་རྒྱུ་ལས་བྱུང་བའོ། །འོན་ཀྱང་འདུས་ཏེ། ཞེས་གཞུང་འདི་དང་མཚུངས་པ་འདྲ་ཞིག་གསུངས་ཡོད་ལ།
དེ་བཞིན་དུ། དེང་སང་འཕྲུལ་རིགས་ཀྱིས་བརྟག་དཔྱད་བྱས་ན་ཡང་ང་ཚོའི་ལུས་ལས་ཤ་སོགས་ཀྱི་གྲུབ་ཆ་ཤས་ཆེ་བ་མའི་ཁྲག་གིས་བྱས་ཡོད་པ་དང་།
རུས་པ་སོགས་ཀྱི་གྲུབ་ཆ་ཤས་ཆེ་བ་ཕའི་ཁུ་བས་བྱས་ཡོད་ཚུལ་ཤོད་ཀྱིན་ཡོད།
No comments:
Post a Comment