ཏོག་དབྱིབས་གཉན་རིམས་ཅན་ལ་ཚ་བ་འཕར་བ་དང་ཞགས་གྲངས་ཉེར་གཅིག་ལ་ཟུར་བཀག་དུ་སྡོད་དགོས་པ་སོགས་ལ་བོད་ལུགས་གསོ་རིག་གི་ལྟ་སྟངས་ཀྱིས་ལྟ་བ།
ཕྱག་བྱར་འོས་པ་ཐམས་ཅན་ལ་ཕྱག་འཚལ་ལོ།།
གླེང་སློང་བའི་གཏམ།
ད་ཐེངས་ཀྱི་འཛིན་གྲྭའི་གཏམ་བཤད་སྦྱོང་བརྡར་ལ་སློབ་ཕྲུག་སོ་སོས་ངོས་ནས་བརྗོད་གཞི་འདེམས་པའམ།
ཡང་ན་ དགེ་རྒན་གྱིས་བརྗོད་གཞི་སྤྲད་པ་གང་རུང་གི་ཐོག་ནས། གཏམ་བཤད་སྦྱོང་བརྡར་བྱ་རྒྱུ་དང་།
བརྗོད་གཞི་དེའི་ཐོག་རྩོམ་ཤོག་འབྲི་ནས་ཡར་ཕུལ་བ་བཅས་བྱ་རྒྱུ་བྱུང་ན་ལེགས་ཚུལ་སོགས་ཀྱི་ལམ་སྟོན་རྒན་བཀྲ་ཤིས་ཟླ་བ་ལགས་ཀྱིས་གནངས་བ་བཞིན།
ངས་རང་ངོས་ནས་གོང་དུ་སྨྲོས་པའི་བརྗོད་གཞི་དེ་འདེམ་ནས། དེའི་ཐོག་གཏམ་བཤད་སྦྱོང་བརྡར་དང་།
རྩོམ་ཤོག་འབྲི་བ་གཉིས་ཆ་བྱ་རྒྱུར་ཐག་གིས་བཅད་པ་ཡིན། འདི་ནི་མདའ་གཅིག་གིས་བྱ་གཉིས་སོད་ཅེས་པའི་དཔེ་ལྟར་དུ་འདུག་པས་ལས་སླ་བར་ཡང་མཐོང་།
ཡང་གཅིག་བཤད་ན། རང་ལ་སྤྲོ་བ་ཡོད་པའི་བྱ་བ་ཞིག་འདེམ་ནས་དེའི་ཐོག་འབད་འབུང་བྱ་རྒྱུ་དེ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན་པ་ལས།
གང་ཟག་གཞན་ཞིག་གིས་བཀོད་མངགས་བྱས་པའི་བྱ་བ་ཞིག་ལ་རང་ཉིད་སྤྲོ་བ་མེད་ཕྱིན་ཆད། དེ་ལ་ཨུ་ཚུགས་དང་དཀའ་ལས་ཇི་ལྟར་བརྒྱབ་ན་ཡང་།
དེ་ཡིས་བློ་སྐྱེད་སོགས་འབྱུང་རྒྱུ་ཁག་པོ་ཡིན་པར་གསུངས། ད་དུང་། དཀའ་སྣང་དང་ཉོབ་སྣང་ཡོད་བཞིན་དུ་ལས་ཀ་ཞིག་ལ་བརྩོན་པ་ཇི་ལྟར་བྱས་ན་ཡང་།
དེ་ནི་བརྩོན་པ་དངོས་མིན་པར་གསུངས།
དེ་དང་འབྲེལ་བའི་སྒྲུང་ཆུང་ཆུང་ཞིག་བཤད་ན། ལོ་སྔོན་མ་ཞིག་ལ།
རྒན་རྡོ་རྗེ་དགྲ་འདུལ་གྱི་འཛིན་གྲྭ་ཞིག་གི་སྐབས་སུ། ངས་རྒན་ལགས་ལ་མདང་དགོང་དེབ་ཀློག་གིན་གཉིད་དུ་ཤོར་འདུག་ཅེས་ཞུས་དུས།
རྒན་ལགས་ཀྱིས་གསུང་དོན། ཁྱོད་ཚོས་དེབ་ཀློག་པའི་ཚེ་ཉོབ་སྣང་ངམ། ཡང་ན་གཉིད་དུབ་པ་ན། དེ་ནི་དེབ་ཀློག་སྟངས་ཅུང་ཙམ་མ་འགྲིགས་པའི་རྟགས་རེད།
དེབ་བཀླགས་པར་སྤྲོ་བ་མཆིས་ཚེ་གཉིད་དུབ་མི་སྲིད། དཔེར་ན་སྤྲོ་བ་ཡོད་སའི་གློག་བརྙན་ཡག་པོ་ཞིག་ལ་ལྟ་བའི་ཚེ།
ལེའུ་གཅིག་རྫོགས་པ་ན། ལེའུ་ཕྱི་མ་དེའི་ནང་ན་ག་རེ་སྟོན་རྒྱུ་་ཡིན་ནམ་སྙམ་བཞིན་ཆུ་ཚོད་དང་པོ་དང་གཉིས་པ།
ཐ་ན་མཚན་ཟེས་བརྐྱངས་པ་ལ་ཡང་དཀའ་སྣང་ཉོབ་སྣང་མེད་པ་མ་ཟད་གཉིད་ཀྱང་མི་དུབ་པ་དེ་འདྲ་རེད།
ཅེས་དང་། རྒྱལ་སྲས་ཞི་བ་ལྷས། བརྩོན་གང་དགེ་ལ་སྤྲོ་བའོ།། ཞེས་གསུངས་བ་བཞིན་སློབ་སྦྱོང་བྱེད་དུས་བརྩོན་འགྲུས་དགོས་པར་ཤོད་ཀྱིན་པའི་བརྩོན་འགྲུས་ནི།
དགེ་བའི་ལས་གང་ཞིག་ལ་སྤྲོ་སེམས་ཡོད་པ་དེ་ལ་ཟེར་བ་རེད། ཅེས་སོགས་གསུངས་བ་ད་དུང་ཡང་དྲན་པའི་གཏིང་རིམ་ན་ཉར་ཡོད།
རྩོམ་པ་དངོས་ལ་ཞུགས་པ།
ད་ལོའི་རྒྱ་ནག་ཝོའུ་ཧན་ཞིང་ཆེན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་འགོས་ཡོད་མེད་ཀྱི་དོགས་པ་མཆིས་ཚེ།
མི་རྣམས་ཉིན་བཅུ་བཞིའམ་ཉེར་གཅིག་སོགས་སུ་ཟུར་བཀགས་ཁང་དུ་སྡོད་ཀྱིན་པ་རེད། འདི་ནི་གོ་ཐོས་ལྟར་ན་རྒྱ་ནག་གི་སྨན་པ་ཚོས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ།
ནད་དེ་འགོས་ཡོད་ན་ཡང་། མི་རེ་ཟུང་ལ་གཉན་སྲིན་དེ་དག་འགོས་ཡོད་ན་ཡང་མགྱོག་པོར་ནད་རྟགས་ཕྱི་ལ་མི་མངོན་པརགབ་པའི་ཚུལ་དུ་་ལུས་ལ་གནས་ནས་སྡོད་པ་དང་།
མཐར་བདུན་ཕྲག་གཉིས་ཀྱི་ནང་ཚུད་ནས་ནད་རྟགས་ཕྱི་ལ་མངོན་པའམ། ཡང་ན་གཉན་སྲིན་དེ་དག་ལུས་ནས་ཕྱིར་ཐོན་འགྲོ་བར་ཤེས་ཡོད་པས་ན།
ཞགས་གྲང་དེ་ལྟར་གཏན་འབེབས་བྱས་ཚུལ་བཤད།
འོ་ན་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་མེས་པོ་དམ་པ་ཚོས་སྡུག་དཀའ་ཚེགས་གྲངས་ཀྱིས་མི་ལོང་བ་བརྒྱུད་སྔར་མེད་ཀྱི་ཐབས་ཚུལ་གསར་དུ་བཏོད་ནས།
གཏན་འབེབས་བྱས་ཡོད་པའི་བོད་ལུགས་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞིའི་ནང་། རིམས་ནད་དེ་རིགས་ལ་ནད་རྟགས་སོགས་ག་འདྲ་གསུངས་ཡོད་མེད་ཀྱི་སྐོར་ནས་ཅུང་ཙམ་བཤད་པར་སྤྲོ་བ་བརྟས།
དེ་ལ་ས་བཅད་བཞི་སྟེ། དང་པོ་སྤྱིར་ནད་དུག་འདི་རིགས་ཇི་ལྟར་མི་ཡུལ་དུ་སླེབས་ཚུལ་གྱི་ལོ་རྒྱུས་གླེང་བ།
གཉིས་པ་བྱེ་བྲག་ཏུ་ཏོག་དབྱིབས་གཉན་སྲིན་ནམ་ནད་དུག་འདི་འགོས་ཚེ། ལུས་ལ་ཚ་བ་རྒྱས་པ་སོགས་ནད་རྟགས་སྣ་ཚོགས་ཤིག་འབྱུང་བཞིན་པའི་རྒྱུ་མཚན་ལ་དཔྱད་པ།
གསུམ་པ་དོགས་དབྱིབས་གཉན་རིམས་སོགས་ནད་དུག་འདི་རིགས་མི་རེ་ཟུང་ལ་འགོས་ལ་ཡང་རེ་ཟུང་ལ་མི་འགོས་པའམ། བཞི་པ་ཏོག་དབྱིབས་གཉན་རིམས་འདི་འགོས་ཀྱང་མི་རེ་ཟུང་ལ་ནད་རྟགས་མི་མངོན་ལ་རེ་ཟུང་ལ་མངོན་པའི་རྒྱུ་མཚན་བཤད་པ།
གཅིག
བོད་ཀྱི་གསོ་བ་རིག་པའི་དགོངས་དོན་གཞིར་བཞགས་ནས།
སྤྱིར་བཏང་ནད་དུག་འདི་རིགས་ཇི་ལྟར་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་གླེང་བ་ལ། མན་ངག་རྒྱུད་ལས།
རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི།།
ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན།། མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད།། སྔགས་པ་རྣམས་ནི་རྡོ་རྗེ་ནང་དམེ་དང་།།
དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུགས་བྱེད།། མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན།། སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་འབྱེད།།
དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ།། ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས།། བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང་།།
ཞེས་པ་སྟེ། མདོར་ན་མི་རྣམས་ཀྱིས་བྱ་བ་དང་སྤྱོད་པ་ཉེས་པས་ན། མ་མོ་མཁའ་འགྲོ་རྣམས་འཁྲུགས་ནས་ནད་ཀྱི་ཁ་རླངས་གཏོང་གི་ཡོད་ཚུལ་གསུངས་པ་རེད།
འོ་ན།
མ་མོ་མཁའ་འགྲོ་དེ་དག་ལ་ནད་ཀྱི་ཁ་རླངས་ཇི་ལྟར་ཐོབ་པ་ཡིན་ནམ་ཞེ་ན། དངོས་གྲུབ་འབྱུང་བའི་རྒྱུད་ལས། དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི།།
བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་མཛད་མ།། དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུད། ། ཅེས་གསུངས་པ་བཞིན་སྔོན་གྱི་དུས་ན་རྒྱ་མཚོ་ཆེན་པོ་མི་གཡོ་བའི་དབུས་སུ་བདུད་རྩི་བུམ་པ་གང་ཡོད་པ་སྒྲ་གཅན་འཛིན་གྱིས་མཐོང་སྟེ།
ཀུན་ལ་སྨྲས་པ་ན།
ལྷ་དང་ལྷ་མིན་ཀུན་གྱིས་རྒྱ་མཚོ་བསྲུབས་པའི་རྦ་གསེང་ནས་དུག་ཧ་ལ་ཧ་ལ་ཞེས་བྱ་བ་བྱུང་བའི་གཏམ་རྒྱུད་ནི།
སློབ་དཔོན་དཔའ་བོས་སྙིང་པོ་བསྡུས་པ་ལས། སྔོན་ཚེ་ལྷ་དང་ལྷ་མིན་གྱིས། ། བདུད་རྩི་འདོད་པས་མཚོ་བསྲུབས་ཚེ།།
བདུད་རྩི་འབྱུང་བའི་སྔོན་རོལ་དུ།། སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས།། སྐྲ་ཟེར་མིག་ནས་མེ་འབར་བ།།
མཆེ་བ་བཞི་པ་གཟི་བརྗིད་ཅན།། དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར།། ཞེས་དང་། ཚངས་པས་ཧཱུྃ་ཞེས་བརྗོད་པ་ཡིས།།
དུག་དེ་རྒྱུ་དང་མི་རྒྱུ་བའི།། བྱེ་བྲག་གཉིས་ལ་ཞུགས་པ་ཡིན།། ཞེས་སོགས་གསུངས་ཡོད་པ་བཞིན་དུག་ཧ་ལ་ཧ་ལ་ནག་པོའི་ཁ་རླངས་ལས་བྱུང་བའི་ནད་རིགས་བཞི་བརྒྱ་རྩ་བཞི་རྣམས་དཔལ་ལྡན་ལྷ་མོས་ཉི་མ་ལ་ཐིམ་པར་བྱས་ཏེ་བདག་ཏུ་བཟུང་ཡོད་པར་གསུངས། སྤྱིར་བཏང་། རྒྱ་མཚོ་བསྲུབས་ཚུལ་གྱི་གཏམ་རྒྱུད་ལ་བཤད་ཚུལ་མ་འདྲ་བ་མང་པོ་ཡོད་པ་ཡང་ཤེས་པར་བྱའོ།
དེ་ལྟར་དུ་སྔོན་གྱི་དཔེ་རྙིང་ཁག་ལས་དཔལ་ལྡན་ལྷ་མོས་ཕྱག་ཏུ་ཐོག་པའི་ནད་ཀྱི་རྐྱལ་བ་ལ་དུག་ཧ་ལ་ཧ་ལ་ནག་པོ་ལས་བྱུང་བའི་ནད་རླངས་དུག་རླངས་སོགས་ཉར་ཡོད་པས་ན།
ལྷ་མོ་ཐུགས་འཁྲུགས་ཚེ་མི་ཡུལ་འདིར་ནད་ཡམས་ངན་པ་གཏོང་གི་ཡོད་ཚུལ་སོགས་གསུངས་ཡོད་པ་ཁག་ལ་བསམ་ན།
ད་ལོའི་ཏོག་དབྱིབས་གཉན་རིམས་འདིར་ཐ་སྙད་དུ་ཏོག་དབྱིབས་ནད་དུག་ཞེས་འབོད་མཁན་ཡོད་པ་འདི་ཚོ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན་མ་འགྲིགས་པ་མེད་པར་བདག་གིས་འདོད
གཉིས།
བྱེ་བྲག་ཏུ་དོགས་དབྱིབས་གཉན་རིམས་སམ་ནད་དུག་འདི་འགོས་ཚེ།
ནད་རྟགས་སུ་དང་པོའི་དུས་སུ་ལུས་བརྕེ་བའམ་བ་སྤུ་རྣམས་ལྡང་བ་དང་ཕྲུམ་སེར་ཁྱེར་ཞིང་གཡལ་བ་མང་པོ་འབྱུང་ཞིང་།
དངས་ག་འགག་པ་གནས་དྲོ་སར་སྡོད་སྙིང་འདོད་པ་སོགས་མདོར་ན་མ་སྨིན་ཚ་བའི་དུས་ཀྱི་ནད་རྟགས་དག་འབྱུང་བར་བཤད་ལ།
དེ་ནས་རིམ་ཀྱིས་ལུས་ལ་ཚ་བ་རྒྱས་ཏེ་རྩ་ཆུ་ཚ་ཞིང་གློ་ལུ་མང་པོ་བྱེད་པ་སོགས་མདོར་ན་ཚ་བ་རྒྱས་པའི་དུས་ཀྱི་རྟགས་སྟོན་པར་བཤད།
དེ་ནས་མཐར་ལུས་ཀྱི་ཤེད་ཆུང་ཞིང་དཔྱི་སྐེད་རུས་རྐང་ན་བ་སོགས་མདོར་ན་སྟོང་ཚད་ཀྱི་རྟགས་འབྱུང་གི་ཡོད་ཚུལ་ཤོད་ཀྱིན་པ་འདི་རེད།
བོད་ཀྱི་གསོ་བ་རིག་གཞུང་ལུགས་ཀྱི་ལྟ་སྟངས་ཀྱིས་བལྟས་ཏེ་བཤད་ན།
འདི་ལྟ་བུའི་ནད་རྟགས་སྣ་ཚོགས་ཤིག་འབྱུང་བཞིན་པའི་རྒྱུ་མཚན་ནི་འཇུག་སྒོ་དྲུག་པོ་བརྒྱུད་ཡོང་བའི་ཚེ་བབས་སའི་གནས་སོ་སོ་མ་འདྲ་བའི་དབང་གིས་ནད་རྟགས་ཀྱང་མ་འདྲ་བ་རེ་རེ་འབྱུང་བས་ཡིན་པར་གསུངས་འདུག་སྟེ།
མན་ངག་རྒྱུད་ཀྱི་རིམས་ལེའུ་ལས།
དང་པོ་བབས་ས་གནས་ཀྱིས་བརྟག་པ་ནི།། ཐོག་མར་སྐྱི་དང་བ་སྤུར་འབབ་པ་སྟེ།། ཤེད་ཆུང་སྒྱིད་སྐྱུར་ལུས་བརྩེ་བ་སྤུ་ལྡང་།།
དེ་ནས་པགས་ལ་བབས་ཏེ་ཕྲུམ་སེར་ཁྱེར།། མགོ་རྐང་ཚིགས་གཞི་ན་ཞིང་ཉི་མ་སྙེག། ཅེས་པ་སྟེ།
ནད་བབས་སའི་གནས་བ་སྤུ་དང་པགས་པ་སོགས་ལ་བབས་པའི་ཚེ་ནད་རྟགས་མ་སྨིན་ཚ་བ་ལྟར་འབྱུང་བ་ཡིན་ཚུལ་གསུངས་པ་དེ་དག་དང་ད་ལོའི་ཏོག་དབྱིབས་གཉན་སྲིན་ཐོག་མར་འབབས་ནད་རྟགས་དང་མཐུན།
ལེའུ་དེ་ཉིད་ལས། དེ་ནས་རྩ་ལ་བབས་ཏེ་རྩ་ཚད་སྐྱེ།།
རྩ་འཁྱུགས་ཤེས་པ་བྱིང་ལ་སྐོམ་དད་ཆེ།། ཁ་ཁ་ཆུ་མདོག་དམར་ལ་རྙོག་པའོ།། དེ་ནས་ཤ་ལ་བབས་ཏེ་མགོ་བོ་འཐོམ།
ལུས་ལྕི་ཤ་ཚ་བསིལ་འདོད་ཤེས་པ་ཉོག། དེ་ནས་སྣོད་དུ་བབས་ཏེ་དང་ག་འགག། དྲི་མ་འཁྲུ་སྐམ་ལྕེ་ལ་བད་ཀན་ཆགས།།
དེ་ནས་དོན་ལ་བབས་ཏེ་རྩ་ཆུ་ཚ།། ལྕེ་སྐམ་ཟ་ཟི་སྨྲ་ལ་སྐོམ་དད་ཆེ།། ཞེས་པ་སྟེ། བབས་ས་གནས་ལས་རྩ་དང་། ཤ་དང་། དོན་བཅས་སུ་བབས་པ་ན་རྩ་དང་ཆུ་ལ་ཚད་རྟགས་ཐོན་པ་སོགས་རྒྱས་ཚད་ལྟར་མངོན་པར་གསུངས་ཡོད་ལ།
དེ་དང་མཚུངས་པའི་ནད་རྟགས་རྣམས་ད་ལོའི་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་སྲིན་ཕོག་པའི་ནད་པ་ཚོར་ཡང་འབྱུང་གི་ཡོད་ཚུལ་ཤོད་ཀྱིན་པ་དེ་རེད།
ཏོག་དབྱིབས་གཉན་སྲིན་དོན་རྣམས་ཀྱི་ནང་ནས་ཀྱང་བབས་ས་གཙོ་བོ་གློ་བར་སྙེག་པས་ན་གློ་ལུ་བ་དང་།
ཚ་བ་དང་བཅས་པས་ན་སྐམ་ལུ་འབྱུང་གི་ཡོད་པ་འདི་དག་བོད་ལུགས་གསོ་རིག་ལས་གསུངས་པའི་ནད་རྟགས་དང་མཐུན་པར་སྙམ།།
དེ་བཞིན་དུདང་ག་འགག་པ་སོགས་ཀྱི་ནད་རྟགས་འབྱུང་གི་ཡོད་པ་འདི་ཡང་བོད་ལུགས་གསོ་རིག་ལས་བཤད་པ་ལྟར་ན་ནད་བབས་ས་སྣོད་དུ་ཁེལ་བས་ཡིན་པ་རེད།
ད་དུང་ཡང་། ལེའུ་དེ་ཉིད་ལས། དེ་ནས་གཞུག་ཏུ་རུས་ལ་བབས་པའི་རྟགས།།
སྣ་བུག་ཁ་ལྕེ་སྐམ་ལ་སོ་དྲེག་ཆགས།། རྩ་སྟོངས་རྣ་བ་འོན་ལ་ཤེས་པ་ཉོག ། ཅེས་པ་སྟེ། རིམས་ཀྱིས་ཐེབས་ཚེ་བབས་སའི་གནས་སོ་སོའི་དབང་གིས་ནད་རྟགས་འབྱུང་ཚུལ་གསུངས་པ་འདི་ད་ལོའི་ཏོག་དབྱིགས་གཉན་རིམས་ཀྱི་ནད་རྟགས་དང་ཧ་ཅང་མཐུན་པར་འདུག་པ་དེའོ།།
གསུམ།
གསུམ་པ་ཏོག་དབྱིབས་གཉན་རིམས་སོགས་ནད་དུག་འདི་རིགས་མི་རེ་ཟུང་ལ་འགོས་ལ་ཡང་རེ་ཟུང་ལ་མི་འགོས་པའི་རྒྱུ་མཚན་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་བཤད་ན།
བཤད་པའི་རྒྱུད་ལས་ནད་འཇུག་ཚུལ་བཤད་པའི་སྐབས་སུ། འཇུག་པའི་ཚུལ་ནི་འཕང་བྱའི་ཡུལ་དེ་ལ།། འཕེན་པར་བྱེད་པའི་རྐྱེན་ནི་རྣམས་བཞི་ཡིས།། འཕེན་བྱ་གཅིག་ལ་ཕོག་དང་འབྲེལ་བས་དཔག།
ཅེས་པ་སྟེ། རླུང་མཁྲིས་བད་ཀན་གྱི་བདག་ཉིད་དུ་གྱུར་བའི་ལུས་འདི་མདའ་འཕེན་སའི་འབེན་ལྟ་བུ།
དུས་གདོན་ཟས་སྤྱོད་བཞི་པོ་མདའ་འཕེན་མཁན་གྱི་མི་ལྟ་བུ། ལྕི་རྟུལ་ཡང་རྩུབ་ཚ་རྣོ་སོགས་ཀྱི་ཡོན་ཏན་དག་འཕེན་བྱའི་མདའ་ལྟ་བུར་དཔེ་བྱས་ཏེ་བསྟན་འདུག
དེ་ཡང་ད་ལོའི་ཏོག་དབྱིབས་གཉན་རིམས་ལ་ཆ་བཞགས་ཏེ་བཤད་ན།
མདའ་འཕེན་མཁན་གྱི་མི་ལྟ་བུ་ཟས་དང་སྤྱོད་ལམ་སོགས་བཞི་ལས་གང་རུང་ཞིག་མ་འགྲིགས་ཚེ་གཉན་རིམས་དེ་འགོས་ཡོང་བ་ཡིན་ཏེ། དེ་ཡང་འཕེན་པར་བྱེད་པའི་རྐྱེན་རྣམས་པ་བཞི་སྟེ། དུས་གདོན་ཟས་སྤྱོད་བཞི་པོ་ལས་བཞི་པོ་ཆ་ཚང་ངམ།
ཡང་ན་གང་རུང་ཞིག་ཉེས་པ་ན་ནད་དེ་འགོས་སྲིད་ལ། དེ་དག་མ་ཉེས་པར་ཚུལ་བཞིན་དུ་བྱུང་ན་ནད་མི་འགོས་པ་ཡིན་ཏེ། དཔེར་ན་དུས་ཉེས་པ་ད་ལོ་ཉིས་སྟོང་ཉི་ཤུ་ལོ་གཉན་རིམས་ཀྱིས་འཛམ་གླིང་ཧྲིལ་བོར་ཁྱབས་པའི་སྐབས་འདིར།
ཟས་ཟ་ཉེས་པ་ཏོག་དབྱིབས་གཉན་རིམས་ཅན་གྱི་མིའི་ལག་ཟས་ཟ་བ་སོགས་དང་།
སྤྱོད་པ་ཉེས་ཏེ། མི་ཚོགས་སྟུག་པོའི་ཁྲོད་དུ་ཁ་རས་མི་འགྱོན་པར་འཁྱམ་པ་དང་། གཙང་སྦྲ་མ་བྱས་པ་ན་རིམས་དེ་འགོས་སྲིད།
ནད་དེ་འགོས་པ་ན་དེས་ལྕི་རྟུལ་སོགས་ཡོན་ཏན་དག་ལས་གང་རུང་འགའ་མདའ་ལྟར་འཕང་ནས།
རླུང་མཁྲིས་བད་ཀན་གྱི་བདག་ཉིད་དུ་གྱུར་བའི་ལུས་འབེན་ལྟ་བུ་དེ་ལ་ཕོག་ནས་ལུས་མི་བདེ་བ་སོགས་འབྱུང་གི་ཡོད།
ཡིན་ཡང་། གལ་ཏེ། ཁ་རས་གྱོན་པ་སོགས་སྔོན་འགོག་ཚུལ་བཞིན་བྱེད་པ་དང་།
མི་ཚོགས་མང་སར་མི་འགྲོ་བར་རྒྱང་རིང་དུ་སྡོད་པ་སོགས་བྱས་ན། རིམས་ནད་དེས་འཛམ་བུ་གླིང་ཕལ་་མོ་ཆེར་ཟིན་ན་ཡང་།
མི་མང་པོར་ནད་མི་འགོས་པ་ལྟ་བུ་འོ།
བཞི་པ།
ཡང་ནད་དེ་འགོས་ན་ཡང་རེ་ཟུང་ལ་ནད་རྟགས་མི་མངོན་རེ་ཟུང་ལ་ནད་རྟགས་འབྱུང་གི་ཡོད་པའི་རྒྱུ་མཚན་ནི།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན། སྐྱེ་མཆེད་དུས་དང་དབང་པོ་སྤྱོད་ལམ་རྣམས།། དམན་ལྷག་ལོག་པས་ནད་རྣམས་སྐྱེད་པར་བྱེད།།
ཅེས་གསུངས་པ་ལྟར་ཡིན་ལ། དཔེར་ན། ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་ཞིག་ལ་དུས་དང་དབང་པོ་སྤྱོད་ལམ་རྣམས་དམན་ལྷག་ལོག་པར་གྱུར་བ་ན་དེས་ནད་སྐྱེད་པར་བྱེད་པ་དང་།
ཡང་དུས་དང་དབང་པོ་སྤྱོད་ལམ་རྣམས་དམན་ལྷག་ལོག་པར་མ་གྱུར་ཚེ་ལུས་ལ་ནད་འབུ་འགོས་ཡོད་ན་ཡང་ན་ཟུག་སོགས་འབྱུང་གི་མེད་པ་ཡིན།།
དཔལ་ལྡན་རྒྱུད་བཞི་ལས། གཞན་ཡང་དུས་བཞི་འབྱུང་བ་དམན་ལྷག་ལོག
དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་གདོན།། ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར།། ཞེས་གསུངས་ཡོད་པ་འདིས་ཀྱང་བསྟན་པ་ཡིན་ཏེ།
དུས་དབྱར་དགུན་སྟོན་དཔྱིད་དེ་ནམ་ཟླ་དུས་བཞིའི་འབྱུང་བ་དམན་ལྷག་ལོག་པ་དང་། ལུས་ངག་གིས་སྤྱོད་ལམ་དྲག་ཤུལ་བྱས་པའི་རིགས་དང་།
རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང་ཁོང་ཁྲོ་་བ། ཡང་ན། སེམས་ཞུམ་པ་དང་། འཇིགས་ཤིང་སྐྲགས་སྣང་ཆེན་པོ་འབྱུང་བའམ།
ཡང་ན། ཡིད་གཅུགས་མཛའ་གྲོགས་གཉེན་ཉེ་སོགས་དང་བྲལ་བས་སེམས་མྱ་ངན་གྱིས་གདུངས་པ། ཡུལ་ཡིད་དུ་འོང་བའི་རིགས་ལ་འདོད་པ་ཧ་ཅང་ཆེན་པོ་སྐྱེས་པ།
ཁ་ཟས་བསིལ་དྲོད་འགྲངས་ལྟོ་སོགས་མི་སྙོམས་པར་ལུས་ཀྱི་ཁམས་དང་མི་མཐུན་པ་སོགས་ཀྱིས་རྐྱེན་བྱས་ཏེ་ནད་ཤུགས་ཆེན་པོ་འབྱུང་བར་གསུངས་ཡོད་ལ།
དེའི་ཤུགས་ལས། དུས་བཞི་འབྱུང་བ་དམན་ལྷག་ལོག་པར་མ་གྱུར་བ་དང་།
དྲག་ཤུལ་ཁྲོ་འཇིགས་མྱ་ངན་སོགས་དང་། ལྷག་པར་དུ་ཁ་ཟས་ལུས་ཁམས་དང་སྙོམས་པར་བྱུང་ན་ནད་ཤུགས་ཆེན་པོ་མི་འབྱུང་ཞིང་།
ཐ་ན་ནད་རྟགས་ཀྱང་མི་མངོན་པར་བསྟན་འདུག་བདག་གིས་འདོད།
ལྔ་པ།
བཅོ་རྒྱད་ཉི་ཤུ་གཅིག་ལ་འཚོ་འཆི་སྲིད། ། དངས་མ་ནས་ལུས་ཟུངས་བདུན་རེ་རེ་བཞིན་བརྒྱུད་ཡོང་དུས།
ལུས་ཟུངས་རེ་རེར་ཞགས་མ་གསུམ་རེ་གནས་པས་ན། དང་པོ་བབས་སའི་དངས་མ་མ་བརྩིས་ན་ཞགས་གྲངས་དྲུག་གསུམ་བཅོ་བརྒྱད།
དངས་མ་བརྩིས་ཚེ་ཞགས་གྲངས་བདུན་གསུམ་ཉི་ཤུ་རྩ་གཅིག་གིས་འཚོ་འཆིའི་ཤན་འབྱེད་ཐུབ་པར་གསུངས་པ་ཡིན།
ཞར་མ་ཞོར་གྱི་གཏམ།
དེང་སང་བོད་ཡིག་ཐོག་རྩོམ་འབྲི་མཁན་གསར་བ་རེ་ཟུང་གིས་རྩོམ་འབྲི་དུས་དཔེ་ཆ་གཞན་ལས་ལུང་དྲང་ཚེ་ལུང་ཚིག་རྣམས་ཞབས་མཆན་(footnote)དུ་འགོད་ཀྱིན་འདུག་པ་ནི་ཕྱི་རྒྱལ་བའི་ལུགས་ལས་ལེགས་ཆ་བླངས་པ་ཡིན་པས་ཤིན་ཏུ་ལེགས།
ཡིན་ན་ཡང་མཐའ་གཅིག་ཏུ་རྩོམ་འབྲི་མཁན་ཆ་ཚང་གིས་ཕྱི་རྒྱལ་བའི་ལུགས་ལྟར་བྱེད་དགོས་ཟེར་ན་ནི་ཐལ་དྲག་པ་ཡིན་ཏེ།
བོད་ཀྱི་མཁས་པ་གསེར་ནག་གི་རི་འདྲ་བ་དེ་དག་གི་གསུང་རྩོམ་མང་ཆེ་བར་ཞབས་མཆན་མེད་པས་སོ།
དེ་ལྟར་ཅུང་ཙམ་ངལ་བ་ལ།
། དགེ་བའི་ལས་ནི་ཅི་བདོག་པ། །
ས་མཐོ་ཁ་བའི་ལུང་པ་ཡི།
། ཆོས་སྲིད་བསྟན་ལ་སྨན་ཕྱིར་བསྔོ། །
No comments:
Post a Comment