ཁམས་སམ་ཐིག་ལེ་སྤྱིར་བཤད་ནི།
དངས་མ་དང་ཁམས་ཀྱི་འགྱུར་འགྲོས་འདི་ལུས་ཆགས་པའི་གནས་སྐབས་ཆ་ཚང་ལ་ཧ་ལས་པའི་གལ་ཆེན་ཞིག་ཆགས་ཡོད་པ་ཡིན། དངས་མ་ཟེར་བ་དེ་ལུས་ཟུངས་བདུན་ཀྱི་ནང་ནས་མཐར་ཐུག་པ་་དེ་ཡིན་ལ། གཞན་ཡང་དེ་མ་ཡིན་པར་ཁ་ཟས་སོགས་ཟོས་པ་ལ་དངས་སྙིགས་གཉིས་སུ་ཕྱེས་པའི་དང་པོ་ལ་དངས་མ་ཟེར་བ་ཞིག་ཀྱང་ཡོད།
འོན་ཀྱང་དེ་ནི་སྤྱི་མིང་སྒེར་ལ་ཐོག་ནས་དངས་མ་ཟེར་བ་ཙམ་མ་གཏོག་དངས་མ་དངོས་གནས་དེ་མིན།
ཟས་སྐོམ་དང་དངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བཅས་རིམ་པ་བཞིན་དུ་སོ་སོ་སོ་སོའི་དངས་མ་ཡིན་ཏེ།
ཟས་སྐོམ་གྱི་དངས་མ་ལ་དངས་སྙིགས་ཕྱེ་འགྲོ་དུས་དངས་མ་ཁྲག་ཆགས་པ་རེད།
ཁྲག་ལ་ཡང་དངས་སྙིགས་ཕྱེ་ནས་དེའི་དངས་མ་ཤ་དང་།
དེ་བཞིན་དུ་ལུས་ཟུངས་སོ་སོ་རེ་རེ་ལ་ཡང་དངས་སྙིགས་ཡོང་གི་ཡོད་ལ། དེ་ལྟ་བུའི་དངས་མའི་དངས་མ་དག་གི་མཐར་ཐུག་དེ་ཐིག་ལེ་ཆགས་ཀྱི་ཡོད།
ཐིག་ལེ་ལ་ཡང་ནང་གསེས་སུ་མདངས་དང་ཁུ་ཁྲག་གཉིས་འབྱུང་བ་ཡིན།
དེ་ལྟར་རྐང་མར་ཀྱི་དངས་མ་ལས་ཁུ་ཁྲག་ཡོང་གི་ཡོད་ལ།
ཁུ་ཁྲག་གཉིས་ཀྱི་སྙིང་པོ་འདྲ་བོ་དེ་ལ་ཁམས་དང་ཐིག་ལེ་ཟེར་བ་རེད། ཕོ་མོ་སུ་ཡིན་ཡང་ཁམས་དཀར་དམར་གཉིས་ཀའི་ཆ་ཡོད།
འོན་ཀྱང་དེ་དག་སྟོབས་སུ་འགྱུར་སྟངས་ཀྱི་ཁྱད་པར་གྱིས་བུད་མེད་ལ་ཁམས་དམར་པོའི་རང་བཞིན་ཤེད་ཆེ་བ་དང་།
བུ་ལ་ཁམས་དཀར་བོའི་རང་བཞིན་ཤེད་ཆེ་བ་འབྱུང་གི་ཡོད།
དེ་ནི་རྩ་ཁམས་ཐིག་ལེའི་འགྲོ་སྟངས་སོགས་རང་བཞིན་མི་འདྲ་བས་རེད།
རྒྱུ་མཚན་དེ་དག་གི་དབང་གིས་ཕོ་མོ་གཉིས་ལ་གཟུགས་པོའི་གནས་སྟངས་སོགས་མང་པོ་ཞིག་མི་འདྲ་བ་ཆགས་པ་རེད།
དཔེར་ན་ཨ་ར་སྐྱེས་ལུགས་དང་སྐད་ཕྲ་སྦོམ་ཤ་འཇམ་རྩུབ་སོགས་ལྟ་བུ།
སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ཀླད་པའི་བྱེད་ལས་བཤད་པའི་སྐབས་སུ།
ལུས་ཀྱི་དབང་རྟེན་ས་བོན་འཛག། ཅེས་གསུང་བ་བཞིན། ཁམས་འགྱུར་བ་འགྲོ་ས་ནི་དང་པོ་ཀླད་པ་ནས་ཡིན་ལ་ཀླད་པ་ནས་མར་འཛག་སྟེ།
མོ་འབྲས་སམ་བསམ་སེའུ་ལ་འབབ་པ་ན། བསམ་སེའུ་ནས་་ཀྱང་འགྱུར་བ་འགྲོ་བཞིན་འགྲོ་བཞིན་རྩ་ཆེན་གཉིས་བརྒྱུད་བུ་སྣོད་ཀྱི་ལྡེབས་སུ་སླེབ་དུས།
དེར་འགོ་བའི་ཟོལ་འདྲ་ཞིག་བྱས་ཚེ་མཐར་ཐུར་སེལ་རླུང་གིས་སྒོར་འདེད་འགྲོ་བ་ཡིན་ལ། དེ་ནས་ཡང་འཁོར་ལོ་གསར་བ་ཞིག་གི་མགོ་བརྩམ་འགྲོ་བ་རེད།
སེམས་ཞེས་པ་ཀླད་པའི་བྱེད་ལས་འདྲ་བ་ཞིག་ལས་དེ་གཉིས་ཐ་དད་དུ་ཁས་མི་ལེན་མཁན་ཚོས་བསམ་བློ་གཏོང་ཚུལ་དུ།
དབང་པོ་གཟུགས་ཅན་ལ་བརྟེན་པའི་ཚོར་བ་བདེ་སྡུག་དང་། གཞན་སློབ་སྦྱོང་བྱེད་ཚེ་སེམས་ནང་དུ་ཅིག་འཆར་ཡོང་བ།
དངོས་པོ་ངོས་བཟུང་བ་སོགས། མདོར་ན་སེམས་ཀྱི་རྣམ་འགྱུར་ཡོད་དོ་ཅོག་ཆ་ཚང་ཀླད་པ་ལས་བསྐྲུན་པའི་ཁམས་ཅིག་གི་བྱེད་ལས་ལ་བརྟེན་ནས་འབྱུང་བར་ཤོད་ཀྱིན་པ་འདྲ།
དཔལ་དུས་ཀྱི་འཁོར་ལོ་ལས། ཇི་ལྟར་ཕྱི་རོལ་ཇི་བཞིན་ལུས།།
དེ་ལྟར་ལུས་ལ་དེ་བཞིན་གཞན།། ཞེས་དང་། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་།།
ནང་བཞིན་ཕྱི་རོལ་དག་ཀྱང་གནས། ཞེས་ཕྱིའི་གཟའ་སྐར་སོགས་ལ་འགྱུར་བ་འགྲོ་བ་ཇི་མ་ཇི་བཞིན་དུ།
ང་ཚོའགཟུགས་པོའི་ནང་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད་པ་དང་ལྷག་པར་དུ་ཁམས་དཀར་དམར་གཉིས་པོའི་འགྱུར་བ་འགྲོ་ཚུལ་འདི་ཟླ་བའི་འཕེལ་འགྲུབ་དང་ཀུན་ནས་མཚུངས་པར་གསུངས་ཡོད། ཕྱིའི་ཟླ་བ་ལ་དཀར་ཕྱོགས་དམར་ཕྱོགས་ཡོད་པ་བཞིན།
ང་ཚོའི་ནང་གི་ཁམས་ལ་ཡང་དཀར་ཕྱོགས་དམར་ཕྱོགས་ཡོད་པ་དང་། དེའི་རྐྱེན་གྱིས་ཁམས་དཀར་བོ་ཡར་རྒྱས་དུས་དམར་བོ་མར་ཉུང་དུ་འགྲོ་བ་དང་།
དེ་བཞིན་དུ་མར་པོ་རྒྱས་ཡོང་དུས་དཀར་བོ་ཉུང་དུ་འགྲོ་བ་སོགས་བྱེད་ཀྱིན་ཡོད་པར་གསུངས་ཡོད།
ཨ་རིའི་ཉམས་ཞིབ་པ་ཞིག་གིས་ཁྲིམས་འགལ་ནག་ཉེས་ཀྱི་མི་གསོད་དོན་རྐྱེན་དག་གི་དུས་ཚོད་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་།
མི་གསོད་དོན་རྐྱེན་དག་གི་བརྒྱ་ཆ་བདུན་ཅུ་ཡས་མས་ཤིག། ཟླ་བ་ཉ་གང་བའི་སྔ་རྗེས་ཀྱི་ཞག་གཉིས་གསུམ་ཞིག་གི་དུས་སུ་འབྱུང་གི་ཡོད་པ་བསྟན་ཡོད།
ཁོས་བཤད་ཚུལ་ལྟར་བྱས་ན། དེ་ནི་ཕྱིའི་ཟླ་བ་འཕེལ་འགྲུབ་ཀྱི་དབང་གིས་ང་ཚོའི་གཟུགས་པོའི་ནང་གི་ཁམས་ལ་ཤུགས་རྐྱེན་ཐེབས་ཏེ་བསམ་བློའི་ཁྱེར་སོ་ལ་འགྱུར་བ་འགྲོ་གི་ཡོད་པའི་རྟགས་ཡིན་པ་རེད།
ཡང་རྒྱ་མཚོའི་ནང་ནས་ཟོང་སྐྱེལ་འདྲེན་བྱེད་མཁན་གྱི་མཚོ་གྲུ་ཚེས་པ་བཅོ་ལྔ་སྟེ་ཟླ་བ་ཉ་གང་བའི་དུས་ཏག་ཏག་ལ་གྲུ་ཁར་འབབ་ཀྱིན་ཡོད།
ཚེས་བཅོ་ལྔའི་དུས་སུ་རྒྱ་མཚོ་སྤྱི་ལེ་༥༠ ཙམ་ནམ་རྒྱུན་ལས་ཚུར་སླེབ་བསྡད་ཡོད་པས་རེད།
དེ་ནི་ནམ་མཁའི་ཟླ་བ་འཕེལ་འགྲུབ་ཀྱི་དབང་གིས་ང་ཚོ་འཚོ་སྡོད་བྱེད་སའི་ས་སྒང་འདི་ལ་ཤུགས་རྐྱེན་ཡོད་པ་ར་སྤྲོད་བྱས་པ་རེད།
མདོར་ན།
ང་ཚོའི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་རོ་དྲུག་ལ་གཏུག་པའི་ཟས་སྐོམ་ལོངས་སུ་སྤྱད་པའི་འབྲས་བུ་ཡིན་ལ།
དེ་ལྟ་བུའི་ལུས་ཅན་ཕོ་མོ་སུ་ཡིན་ཡང་ལུས་ཀྱི་ཁམས་སམ་ཐིག་ལེ་དེ་ཟླ་བ་རེ་རེར་འགྱུར་བ་འགྲོ་བཞིན་ཡོད་པ་ཡིན་ཏེ། ང་ཚོས་ནམ་མཁའི་ཟླ་བ་ལ་ལྟ་སྐབས།
ཟླ་བ་ཆེན་པོའི་དུས། ཕྱེད་ཀྱི་དུས། ཉ་གང་བའི་དུས་སོགས། མདོར་ན་ཟླ་བའི་འཕེལ་འགྲིབ་ཆ་ཚང་། ང་ཚོ་རང་གི་ཐིག་ལེ་འམ་ཁམས་ལ་འཕེལ་བའི་དུས་དང་། འགྲིབ་པའི་དུས་སོགས། མདོར་ན་ནང་གི་འགྱུར་འགྲོས་ཀྱི་རྣམ་པ་དག་ཕྱི་ལ་ཤར་བ་རེད་ཅེས་དུས་འཁོར་སོགས་རྒྱུད་དག་ལས་གསུངས་ཡོད།
No comments:
Post a Comment