བལ་ནད་ལ་དཔྱད་པ།

 བལ་ནད་ལ་དཔྱད་པ།

བལ་ནད་ཀྱི་རྟགས་ལས་བབས་ས་གནས་དང་རིམ་པ་དུས་གཉིས་ཀྱི་གོ་རིམ་གླེང་བ།།

འཛིན་གྲྭར་རིམས་ནད་ཀྱི་ནང་གསེས་བལ་ནད་འཁྲིད་པའི་སྐབས་སུ།བལ་ནད་ཀྱི་རྟགས་ལ།སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་བ་ལས།གཉིས་པ་བྱེ་བྲག་གི་བབས་ས་གནས་དང་རིམ་པ་དུས་ཀྱི་གོ་རིམ་བར་མཐུན་ས་འདུག་གམ་མི་འདུག་ཅེས་རྒན་ལགས་ཀྱིས་བཀའ་འདྲི་གནངས་བ་རེད།

སྐབས་དེར་ངས་དེ་གཉིས་ཀྱི་བར་ལ་མཐུན་པའི་ཆ་མང་པོ་ཡོད་པ་འདྲ་ཞེས་ལན་ཕུལ་བའི་ཁུལ་བྱས།འོན་ཀྱང་ལན་དེ་ནི་འཛིན་གྲྭ་འཚོག་བཞིན་པའི་སྐབས་ཁོ་ནའི་མཐོང་ཚུལ་ཙམ་ཞུས་པ་ལས།དེ་སྔོན་གཤིབ་བསྡུར་ཞིབ་ཚགས་བྱེད་མྱོང་བའི་གྲུབ་དོན་ཅིག་མིན།

འཛིན་གྲྭ་གྲོལ་རྗེས་ཚུར་ལོག་སྟེ་མལ་སར་འབྱོར་དུས།རོ་སྟོད་ཉལ་ཐུལ་ལ་བསྙེས་ནས་འེན་ཙམ་རིང་ངལ་གསོ་བྱེད་ཞོར།དེ་རིང་གི་བྱ་བཞག་ཁག་དང་།ལྷག་པར་དུ་འཛིན་གྲྭའི་ནང་གི་སློབ་ཚན།དེ་ལས་འཕྲོས་པའི་གླེང་མོལ་དག་ལ་ཕྱིར་འདང་ཅིག་རྒྱག་དུས།སེམས་ངོགས་སུ་གསལ་བོར་འཆར་ཡོང་བ་ནི་རྒན་ལགས་ཀྱི་དྲི་བ་སྟེ།བལ་ནད་རྟགས་ཀྱི་ནང་གསེས་བབས་ས་གནས་དང་རིམ་པ་དུས་གཉིས་ཀྱི་གོ་རིམ་མཐུན་མིན་དེ་རེད།དེ་ལྟར་གནད་དོན་དེར་བསམ་གཞིག་བྱེད་ཀྱིན་བྱེད་ཀྱིོན་སེམས་སུ་ངེས་ཤེས་བརྙེད་སོང་བ་ནི།དེ་གཉིས་ཀྱི་གོ་རིམ་ཆ་ཚང་མཐུན་འདུག་པ་དེ་རེད།

དེས་ན་འདིར་དེ་གཉིས་ཀྱི་གོ་རིམ་ཇི་ལྟར་མཐུན་ལུགས་ལ་ཅུང་ཙམ་བཤད་པར་སྤྲོ་བ་བརྟས་ཏེ།དེ་ཡང་ཐོག་མར་ས་བཅད་དགྲམ་པར་བྱ་བ་ལ།ཚ་བ་སྤྱི་བཅོས་ཀྱི་དབྱེ་བ་འཆད་ནས་སྐབས་བབས་བརྗོད་བྱའི་ཁོངས་བསྟན་པ།ཚ་བའི་ནད་ཀྱི་གནས་སྐབས་ཀྱི་རིམ་པ་སྤྱིར་བཤད་ཏེ་སྤྱི་འགྲོས་སུ་རིགས་བགྲེ་བ།ཡང་དག་པའི་རིག་པ་དྲངས་ནས་ལྟར་སྣང་གི་ཤེས་པ་གཞོམ་པ།རྒྱུད་ཚིག་ལ་མཛུབ་མོས་གཏད་ཏེ་ཕན་ཚུན་མཐུན་པ་དག་མིག་ལམ་དུ་དངོས་སུ་སྟོན་པ་བཅས་ས་བཅད་བཞིའོ།

 

 

 

ཚ་བ་སྤྱི་བཅོས་ཀྱི་ས་དབྱེ་བ་འཆད་ནས་སྐབས་བབས་བརྗོད་བྱའི་ཁོངས་བསྟན་པ།

མན་རྒྱུད་ལས་ཚ་བ་སྤྱིའི་བཅོས་ཐབས་བཤད་པའི་སྐབས་སུ།དེ་ལ་དབྱེ་ན་རྟེན་དུས་ཉེས་པ་དང་།།གནས་ས་རྒྱུད་དང་གནས་སྐབས་རིགས་ཀྱིས་དབྱེ།།ཞེས་རྩ་བའི་དབྱེ་བ་བདུན་དང་།དེ་ལ་ནང་གསེས་སུ་རྟེན་ལ་རྒན་གཞོན་བྱིས་གསུམ།དུས་ལ་གསར་བ་རྙིང་པ་གཉིས།ཉེས་པར་རླུང་མཁྲིས་བད་གསུམ་ཁྲག་དང་ཆུ་སེར་ལྔ།རྒྱུད་ལ་རང་རྒྱུད་གཞན་རྒྱུད་གཉིས།གནས་སྐབས་ལ་མ་སྨིན་རྒྱས་སྟོངས་གབ་རྙིང་རྙོགས་པ་ལྔ།རིགས་ལ་འགྲམ་འཁྲུགས་རིམས་དུག་བཞི་སྟེ་ཁྱོན་བསྡོམས་དབྱེ་བ་ཉེར་ལྔ་ཡོད་པ་ལས།སྐབས་བབས་ཀྱི་བརྗོད་བྱ་ནི་རིགས་ཀྱི་སྒོ་ནས་དབྱེ་བ་རིམས་ཀྱི་ནང་གསེས་ཤིག་ཡིན་པས།བལ་ནད་དེ་ཚ་བའི་ནད་ཅིག་ཡིན་པ་གསལ་བ་དང་།ད་དུང་འདི་ནི་མན་ངག་རྒྱུད་ལ་སྐབས་བཅོ་ལྔ་ཡོད་པ་ལས་གསུམ་པ་ཚ་གསོ་བའི་སྐབས་ནས་ཡིིན་པས་ཀྱང་ཚ་བ་ཡིན་པ་ཤེས།

 

ཚ་བའི་ནད་ཀྱི་འཕེལ་རིམ་སྤྱིར་བཤད་ཏེ་སྤྱི་འགྲོས་ཀྱི་རིག་པས་སྒྲུབ་པ།

དེ་ལྟར་བལ་ནད་འདི་ཚ་བའི་ནད་ཅིག་ཡིན་པ་དྲན་གསོ་བྱས་རྗེས།སྤྱིར་བཏང་།གང་ཟག་ཅིག་ལ་ཚ་བའི་ནད་ཀྱིས་ཟིན་པ་ཡིན་ན།ཐོག་དང་པོ་ག་འདྲ་ཞིག་ཡིན་པ།དེ་ནས་དུས་ཡུན་ཅུང་ཙམ་སོང་རྗེས་ག་འདྲ་ཞིག་ཆགས་པ་དང་།དེའི་རྗེས་ཀྱི་རིམ་པ་དག་ཤེས་དགོས་སྙམས།གང་གིས་ན།བལ་ནད་ཀྱང་ཚ་བའི་ནད་ཀྱི་ཁོངས་སུ་གཏོགས་པས་ཚ་བའི་ནད་སྤྱི་ལ་རིགས་འགྲེ་ཆོག་པ་རེད།དཔེར་ན།རྡོ་གནམ་ནས་འཕངས་ན་ས་ལ་ཟགས་པའི་ཆོས་ཉིད་དེ།དེ་མཐུན་གྱི་དངོས་པོ་གཞན་ལ་ཡང་རིགས་འགྲེ་སྦྱོར་ཆོག་པ་ལྟ་བུ་ཡིན།

དེ་བས་ན་འདིར་ཚ་བའི་གནས་སྐབས་ཀྱི་སྒོ་ནས་རིམ་པ་ལ་བསམ་གཞིག་ཅུང་ཙམ་བྱེད་རྒྱུ་ན།དེ་ཡང་།མན་རྒྱུད་ལས་ཚ་བ་སྥྱིའི་བཅོས་ཐབས་བཤད་པའི་སྐབས་སུ།མ་སྨིན་རྒྱས་སྟོངས་གབ་རྙོགས་པ་བཞི།།ཞེས་གནས་སྐབས་ཀྱི་དབྱེ་བ་བཞི་གསུངས་ཡོད་པ་ལྟར་ཡིན་ཏེ།ཚ་བའི་ནད་ཕོག་པའི་དང་ཐོག་མ་སྨིན་པ་ཞེས་བད་ཀན་རླུང་གི་བསྡུང་ཟླ་ཅན་ཞིག་འབྱུང་བ་དང་།དེ་ལ་ཐང་བཏང་ནས་གྲོགས་བད་རླུང་དང་བྲལ་བ་ན།ཚད་སྟོབས་ཡོངས་སུ་རྒྱས་པ་དང་།དེ་ལ་བསིལ་སྨན་གྱིས་འབར་བའི་མེ་ལྟར་བསད་པ་ནས་ཚ་བ་མར་ཞུ་བ་ན།རླུང་ཡར་ལྡང་ནས་སྟོངས་ཚད་འབྱུང་གི་རེད།དེ་ནས་སྟོངས་ཚད་ཀྱི་རླུང་འབུད་པའི་ཕྱིར་བསིལ་ལ་བཅུད་པའི་གཉེན་པོ་བརྟེན་པ་ན།གབ་ཚད་འབྱུང་གི་རེད།དེ་དུས་གབ་པའི་གནས་བད་ཀན་དྲོད་ཀྱིས་བཤུས་རྗེས་ཚ་སྨན་གྱིས་དངོས་སུ་གཞོམ་པ་རེད།དེ་ལྟར་ན་ནས་ཡུན་རིང་པོར་ཕྱིན་པ་ལ་རྙིང་ཚད་ཟེར་བ་ཡིན་ལ།ནད་པ་དེ་ཆུ་སེར་གྱི་རང་བཞིན་ཅན་ཞིག་གམ་ཡང་ན་མ་སྨིན་ཚ་བའི་སྐབས་སུ་གཉེན་པོ་བསིལ་སྨན་སྔ་དྲག་པས་རླུང་གིས་ཚ་བ་རྩ་མིག་དག་ཏུ་འདེད་པ་དང་ཁྲག་གཡོས་པ་ལ་བརྟེན་ཆུ་སེར་ཅན་གྱི་རྙོགས་ཚད་འབྱུང་གི་ཡོད།

རིམ་པ་དེ་དག་གང་ཟག་ནད་པ་གཅིག་གིས་མཐའ་གཅིག་ཏུ་བརྒྱུད་དགོས་པ་མ་ངེས་ཤིང་།ནད་པའི་རང་བཞིན་དང་རྐྱེན་སོགས་ཁྱད་པར་དུ་མས་དབང་དུ་འགྲོ་བ་ཞིག་ཡིན་པ་བདེན་ཀྱང་།སྥྱིའི་ཆ་ནས་བཤད་ན་ཚ་བའི་ནད་ཀྱི་གནས་སྐབས་སོ་སོའི་གོ་རིམ་དེ་འདྲ་ཡིན་པས།ཚ་བའི་ནད་ཀྱི་བྱེ་བྲག་གཅིག་བལ་ནད་ཀྱི་གནས་སྐབས་གོ་རིམ་ཡང་དེ་ལ་རིགས་བགྲེ་དགོས་པར་ངེས་སོ།།

 

ཡང་དག་པའི་རིག་པ་དྲངས་ནས་ལྟར་སྣང་གི་ཤེས་པ་གཞོམ་པ།

བལ་ནད་ཀྱི་བབས་ས་གནས་ཀྱི་སྒོ་ནས་བརྟག་པ་བསྟན་པའི་རྒྱུད་ཚིག་ལ་འགྲེལ་བ་བྱེད་དུས།མང་པོ་ཞིག་གིས་གང་ཟག་ཅིག་ལ་རིམས་ནད་འཕོག་པའི་ཚེ།དང་པོ་བ་སྤུར་འབབ་པ་དང་དེ་ནས་རིམ་པ་བཞིན་དུ་པགས་པ།རྩ།ཤསྣོད།དོན་བཅས་བརྒྱུད་མཐརརུས་པར་སླེབ་ཀྱིན་ཡོད་བཟོ་འདྲ་ཞིག་སྟེ།དཔེར་ན།མཚོན་རྣོན་པོ་ཞིག་གིས་བསྣུན་ན་རིམ་པ་བཞིན་པགས་པ་དང་རྩ་ཤ་སོགས་བརྒྱུད་ནས་ནང་དུ་འོང་དགོས་པ་ལྟར་བཤད་འདུག

རེད་དེ།འདིར་བསྟན་གཞུང་གི་དགོངས་དོན་དངོས་ནི་ནད་འཇུག་དུས་ཀྱི་རིམ་པ་མིན་པར་ནད་རྟགས་ཐོན་དུས་ཀྱི་རིམ་པ་ཡིན་ཏེ།རིམས་ནད་ཀྱི་མིང་གི་ངེས་ཚིག་བཤད་དུས་ཀྱང་།རྔུལ་ལ་བབས་ནས་བད་ཀན་མཁྲིས་པ་རླུང་།།འཇུག་སྒོ་དྲུག་ཏུ་རིམ་པའི་འཇུག་པ་འམ།།ཞེས་གསུངས་པ་ཡང་ནད་ཀྱི་གནས་སྐབས་ཀྱི་རིམ་པ་བསྟན་པ་ཡིན་ཏེ།ཚ་བ་སྤྱི་ཡི་འགྲོས་ལྟར།དང་པོ་མ་སྨིན་པ་བད་ཀན་གྱི་མཚན་ཉིད་ལྟ་བུ་བསིལ་བ།དེ་ནས་ཚད་སྟོབས་རྒྱས་ཏེ་ཚ་བ།དེའི་རྗེས་སུ་རླུང་མགོ་མཐོ་ནས་སྟོངས་ཚད་རླུང་གི་མཚན་ཉིད་ཅན་གྱི་རྟགས་ཐོན་པ་དང་།ནད་རྟགས་ཐོན་ས་དང་པོ་བ་སྤུ་དང་པགས་པ་སྟེ་ཕྱི་ནས་གྲང་ཤུམ་བྱེད་པ།དེ་ནས་ཡུན་གྱིས་ནད་ཚབ་ཆེ་རུ་འགྲོ་ནས་དོན་སྣོད་སོགས་པ་ཟུག་ཟེར་ལངས་པའི་གོ་རིམ་བསྟན་པ་ལྟར་རོ།།

འཇུག་པའི་རིམ་པ་དངོས་ནི་གཞུང་དེ་ཉིད་ལས།དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར།།རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས།ཞེས་གསུངས་པ་དེ་ཡིན་ལ་ནད་ཀྱི་དྲི་རླངས་སྣ་དང་ཁ་མིག་སོགས་བུ་ག་བརྒྱུད་ཁུང་པར་ཞུགས་རྗེས་རྩ་ལམ་བརྒྱུད་ལུས་ལ་ཁྱབ་འགྲོ་བ་དེ་ཡིན་ནོ།།

 

རྒྱུད་ཚིག་ལ་མཛུབ་མོས་གཏད་ཏེ་ཕན་ཚུན་མཐུན་པ་དག་མིག་ལམ་དུ་དངོས་སུ་སྟོན་པ།

བབས་ས་གནས་ཀྱི་སྒོ་ནས་བརྟག་པ།

རིམ་པ་དུས་ཀྱི་སྒོ་ནས་བརྟག་པ

དང་པོ་བབས་ས་གནས་ཀྱིས་བརྟག་པ་ནི།།ཐོག་མར་སྐྱི་དང་བ་སྤུར་འབབས་པ་སྟེ།།ཤེད་ཆུང་སྒྱིད་སྐྱུར་ལུས་བརྩེ་བ་སྤུ་འདར།།དེ་ནས་ཁྲག་ལ་བབས་ཏེ་ཕྲུམ་སེར་ཁྱེར།།མགོ་རྐང་ཚིགས་གཞི་ན་ཞིང་ཉི་མ་སྙེག།།

 

 

དེ་ནས་རྩ་ལ་བབས་ཏེ་རྩ་ཚད་སྐྱེ།།རྩ་འཁྱུགས་ཤེས་པ་བྱིང་ལ་སྐོམ་དད་ཆེ།།ཁ་ཁ་ཆུ་མདོག་དམར་ལ་རྙོགས་པའོ།།

 

 

 

དེ་ནས་ཤ་ལ་བབས་ཏེ་མགོ་བོ་འཐོམ།།ལུས་ལྕི་ཤ་ཚ་བསིལ་འདོད་ཤེས་པ་ཉོག།དེ་ནས་སྣོད་དུ་བབས་ཏེ་དང་ག་འགགདྲི་མ་འཁྲི་སྐམ་ལྕེ་ལ་བད་ཀན་ཆགས།།

 

དེ་ནས་དོན་ལ་བབས་ཏེ་རྩ་ཆུ་ཚ།།ལྕེ་སྐམ་ཟ་ཟི་སྨྲ་ལ་སྐོམ་དད་ཆེ།།

 

 

 

དེ་ནས་གཞུག་ཏུ་རུས་ལ་བབས་པའི་རྟགས།།སྣ་བུག་ཁ་ལྕེ་སྐམ་ལ་སོ་དྲེག་ཆགས།།རྩ་སྟོངས་རྣ་བ་འོན་ཏེ་ཤེས་པ་ཉོག

 

རིམ་པ་དུས་ཀྱི་སྒོ་ནས་བརྟག་པ་ནི།།དང་པོ་ཞགས་གསུམ་བད་ཀན་དུས་ཡིན་ཏེ།།ཚ་བ་མགོ་ལ་བབས་པས་མགོ་བོ་ན།།ཉྭ་དང་ཚིགས་གཞི་ན་ཞིང་ཕྲུམ་སེར་ཁྱེར།།གཡལ་མང་སྒྱིད་སྐྱུར་སྐྱུག་ཅིང་ཉི་མ་སྙེག།ཚ་བ་མ་སྨིན་དངས་སྙིགས་དབྱེ་བའི་དུས།།

 

དེ་ནས་ཞགས་གསུམ་མཁྲིས་པའི་དུས་ཡིན་ཏེ།།ཚ་བ་དབང་པོའི་སྒོར་བབས་ཁ་ཁ་ལ།།ལྕེ་ལ་བད་ཆེ་སོ་མཆུ་དྲེག་པ་ཆགས།།སྣ་སྐམ་རྣ་བ་མི་གསང་མིག་རྣག་ཆེ།།ཆུ་དམར་རྩ་གྲིམས་ཆུ་ལྟར་སྐེམ་པའི་དུས།།

 

དེ་ནས་ཞགས་གསུམ་ཁྲག་དུས་ཁྲག་ལ་བབས།།རྩ་དང་ཆུ་ཡི་ཚ་བ་གོང་བས་ཆེ།།ལྕེ་སྐམ་སྐོམ་དད་ཆེ་ལ་རྔུལ་དྲི་མནམ།།ལུས་ལྕི་ཚ་བ་དགྲ་ལྟར་བསད་པའི་དུས།།

 

དེ་ནས་ཞགས་གསུམ་རླུང་ཁྲག་འཐབས་པའི་དུས།།།ཚད་པ་དོན་ལ་བབས་ནས་བླ་འཆོལ་སྨྲ།།དྲན་པ་མི་གསལ་ཚབས་ཆེ་སྲོག་རྩར་འཆོར།།ཤེད་ཆུང་རྩ་བྱིང་ངོ་ནག་ལྕེ་སྐམ་རྩུབ།།ཡང་ན་སྨྱོ་བྲོས་གཉེན་ལྟར་བསྟེན་དུས་ཡིན།།

 

དེ་ནས་ཞགས་གསུམ་རི་ཐང་མཚམས་ཀྱི་དུས།།རུས་ལ་བབས་པའི་དཔྱི་སྐེད་རུས་རྐང་ན།།ཤེད་ཆུང་གདོང་སྐྱ་མགོ་འཐོམ་རྣ་བ་འུར།།གཉིད་ཆུང་ལུས་རྔུལ་བུ་ལྟར་གསོ་དུས་ཡིན།།

 

འདི་ལྟར་ངལ་བ་ཅུང་ཟད་བགྱིས་པ་ཡི།།

ལེགས་ཚོགས་དགེ་བའི་རྣམ་པ་ཅི་མཆིས་ཀུན།།

ཕ་དང་མ་ཡི་སྐྱེ་བ་གྲངས་མེད་དུ།།

བླངས་མྱོང་འགྲོ་དྲུག་སེམས་ཅན་ཀུན་ལ་སྦྱིན།།


No comments:

Post a Comment