རྣམ་ཤེས་སྤྱི་ཡི་དོན།

 མཛོད་གནས་དང་པོ་ལས། རྣམ་ཤེས་སོ་སོར་རྣམ་རིག་པ།  ཞེས་པ་ལྟར་ཡུལ་ཡུལ་ཅན་གཉིས་སུ་བཤད་པའི་ཡུལ་གྱི་རྣམ་པ་ག་འདྲ་ཞིག་ཡིན་མིན་ཤེས་མཁན་དེ་ལ་་རྣམ་ཤེས་ཟེར་བ་རེད། དེའི་ཕྱིར་ན་ཡུལ་ཡོད་པས་ན་རྣམ་ཤེས་ཡོད་པ་ཡིན་ལ་ཡུལ་མེད་ན་ནི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཡོང་མི་སྲིད་པ་ཡིན།

        སེམས་ཙམ་པའི་ལུགས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དུ་བཤད་ཡོད་དེ། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་བཅས་བདུན། འདི་ལ་རྣམ་ཤེས་དྲུག་ལས་ཐ་དད་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། དེ་དག་ལས་གཞན་ནི་མེད་ཀྱི མིག་སོགས་དབང་པོ་ལྔ་པོ་གང་རུང་གི་ཤེས་པ་སྔོན་དུ་འགྲོ་བའི་ཐོག་ནས་འབྱུང་བ་ཞིག་ཡོད་པ་དེ་ལ་བྱ་སྟེ།

  དཔེར་ན། ཁ་སང་མཐོང་བའི་གཟུགས་ཤིིག་དཀར་བོ་དང་སེར་བོ་རེད་བསམ་པ་སོགས། ད་ལྟ་དངོས་སུ་མ་མཐོང་ན་ཡང་དྲན་པའི་ངོས་ན་འཆར་རྒྱུ་ཡོད་པ་ལྟ་བུ་དེ་དང་།

   དེའི་ཁར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པ་ཞིག་འདོད་པ་རེད། ཀུན་གཞི་ཟེར་ན་བག་ཆགས་ཐམས་ཅད་བསགས་སའམ་བཞག་སའི་གཞི་འདྲ་བོ་ཞིག་ལ་ཟེར་གྱི་ཡོད་ལ། དེ་ནི་སྐྱེ་བ་སྔོན་མ་ནས་འཕོ་བ་དང་། སྐྱེ་བ་ཕྱི་མ་ལ་འགྲོ་བ་སོགས་བྱེད་པ་རེད་ཟེར།

      འདོད་ཚུལ་འདི་ལ། དབུ་མ་པ་ཚོས་དེ་གྲངས་ཅན་པའི་བདག་ཏུ་སྨྲ་བ་དང་གཅིག་པ་རེད་འདུག་པས་རྟག་མཐར་ལྷུང་བ་རེད་ཅེས་སྨད་པ་བྱས་ཡོད་ལ། དབུ་མ་ཐལ་འགྱུར་བ་ཁོང་ཚོས་སྐྱེ་བ་སྔོན་མའི་རྣམ་ཤེས་ལས་བྱུང་བའི་སྐྱེ་བ་ཕྱི་མ་ལ་འཕོ་མཁན་རྡུལ་ཙམ་ཡང་ཡོད་པ་མ་རེད་ཟེར་གྱིན་ཡོད། འོན་གྱང་སྐྱེ་བ་སྔོན་མ་ལ་མ་བརྟེན་པར་སྐྱེ་བ་ཕྱི་མ་མི་འབྱུང་ཅེས་བཤད། དེ་ལྟ་བུའི་ཀུན་གཞི་དེ་ཡུལ་བྱས་ནས་དེའི་ཡུལ་ཅན་གྱི་ཚུལ་དུ་དེ་ཤེས་མཁན་ཞིག་ཡོད་པར་འདོད་པ་ལ་ཉོན་ཡིད་རྣམ་ཤེས་ཞེས་འབོད་པ་རེད། མདོར་ན་ཀུན་གཞི་ལ་དམིགས་ནས་དེ་ང་རེད་བསམ་འདུག་མཁན་ཞིག་ཡོད་པ་དེར་བཤད་ཀྱིན་ཡོད།   དེ་ལྟར་རྣམ་ཤེས་དང་ཡིད་དང་སེམས་སོགས་མིང་གི་རྣམ་གྲངས་ཡིན་ལ་དོན་གཅིག་གོ།

No comments:

Post a Comment