གཤོར་ཚད་བཤད་པ།

 

གཤོར་ཚད་བཤད་པ།

འབྲུ་སོགས་ཀྱི་འབོར་འཇལ་བྱེད་ཀྱི་ཚད་བཤད་པ་ལ། ཡན་ལག་བརྒྱད་པ་སོགས་ལས་བསྟན་པའི་རྒྱ་གར་གྱི་སྲོལ་བཤད་པ་དང་། བོད་ཀྱི་ལུགས་ཏེ་ས་བཅད་གཉིས་ཀྱི་སྒོ་ནས་བཤད་པ་བ་ལ།

                                                                དང་པོ།

ཤ་ན་སྟེ་མོན་སྲན་གྲེའུ་བཞི་ལ་ཀར་ཤ་གཅིག་གི་ཚད་དང་། ཀར་ཤ་བཞི་ལ་ལག་མཐུལ་གང་གི་ཚད། ལག་མཐུལ་བཞི་ལ་སྤར་གང་། སྤར་གང་ལ་ཕུལ་གང། ཕུལ་བཞི་ལ་བྲེ་གང་། བྲེ་བཞི་ལ་ཨ་ད་ག་གཅིག  ཨ་ད་ག་བཞི་ལ་རོ་ན་གཅིག་བཅས་སུ་བརྩི་བ་ནི། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ལས། ཤ་ན་གར་ཤ་ལག་མཐུལ་དང་། །  སྤར་གང་ཕུལ་བྲེ་ཨ་ད་ཀ ། རོ་ན་བ་ཧ་རིམ་བཞིན་དུ། ། བཞི་འགྱུར་ཡིན་པར་ཤེས་པར་བྱ། ། རློན་པ་ཉིས་འགྱུར་སྦྱར་བྱ་ཞིང་། ། བཤེར་བ་ཕུལ་གང་སོགས་དེ་བཞིན། ། ཞེས་གསུངས་པ་ལྟར་རོ།

གཉིས་པ།

   གཉིས་པ་བོད་ལུགས་གཤོར་ཚད་ལས་འབྲུ་སོགས་ཀྱི་འབོར་གཤོར་བའི་ཚད་ནི། ལག་མཐུལ་གང་ལ་སྤར་གང་དང་། སྤར་གཉིས་ལ་ཁྱོར་བ་གང་། ཁྱོར་བ་གཉིས་ལ་སྙིམ་པ་གང་ངམ་ཕུལ་གང་ཡིན་ལ། དེ་ལྟ་བུའི་ཕུལ་དྲུག་ལ་བྲེ་གང་དང་།  བྲེ་ལྔར་ཞོ་གཅིག ཞོ་ལྔར་ཁལ་གཅིག་ཏུ་འབོད་པ་ནི་ནས་དང་གྲོ་སོགས་སྤྱིར་བཏང་གི་དངོས་པོའིོ་འབོར་གཤོར་ཚད་ཡིན་པ་དང་སྨན་རྒྱུ་གཤོར་དུས་ཕུལ་བཞི་ལ་བྲེ་གང་དུ་འབོདཚུལ་སོགས་སྨན་རམ་པ་མཁྱེན་རབ་ནོར་བུའི་སྨན་ཡིག་ལས།  ། སྲང་བཞི་སྙིམ་པ་གང་ངམ་ཕུལ་གང་ཡིན། ། ཕུལ་བཞི་བྲེ་གང་བྲེ་བཞི་གཤོལ་དོ་ཡིན། ། ཞེས་སྨན་རྒྱུ་གཤོར་ཚད་དང་།  གཉིས་པ་ཕྱི་ལུགས་ཕུལ་དྲུག་བྲེ་གང་ཡིན། །  བྲེ་ལྔར་ཞོ་གཅིག་ཞོ་ལྔར་ཁལ་གཅིག་ཟེར། །  ཞེས་སོགས་གསུངས་ཡོད་པ་དེའོ།

No comments:

Post a Comment